རྒྱུན་དུ་ཁྱིམ་ཚང་ནང་བོད་སྐད་བཤད་རྒྱུ་གལ་ཆེན་ཡིན་པར་གསུངས་སོང་།
ཕྱི་ལོ་༢༠༢༤ ཟླ་༣ ཚེས་ ༡༥ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཞོན་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་ལྔ་པ་བསྐྱངས་གནང་སོང་།

ལས་རིམ་ལྟར་ཐོག་མ་ཤེས་རིག་བཀའ་བློན་གྱིས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་༢༠༢༢ནས་༢༠༢༣ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་། དེ་བཞིན་སྤྱི་འཐུས་རྒྱུན་ལས་ཀྱིས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པ་ལ་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་གནང་ཞིང་། གོང་གསལ་སྙན་ཐོའི་ནང་གསལ་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཁག་ལ་བཀའ་ཤག་གིས་ལན་འདེབས་གསལ་བཤད་གནང་། དེའི་རྗེས་སུ་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་བ་དང་། བགྲོ་གླེང་སྐབས་སུ་སྤྱི་འཐུས་རྣམ་པས་གཟའ་མཇུག་སློབ་གྲྭ་དང་ཤེས་ཡོན་སྲིད་བྱུས་ལ་བསྐྱར་ཞིབ། ཕུལ་བྱུང་དགེ་རྒན་ལ་གཟེངས་བསྟོད་དགོས་པ་དང་བོད་ཁྱིམ་སློབ་གྲྭ་ཁག་གི་དགེ་རྒན་གྱི་གསོལ་ཕོག་སྤར་དགོས་པ། སློབ་མ་ཚོ་ལ་མཐུན་རྐྱེན་ལེགས་པོ་བསྐྲུན་དགོས་པ་དང་གསོ་སྐྱོང་ལེགས་པོ་གནང་དགོས་པ། དེ་བཞིན་ལས་བྱེད་གནས་སྤོའི་སྐོར། ཆོད་གན་གྱི་ལས་བྱེད་རྣམས་གཏན་འཇགས་བཟོ་དགོས་པ། སྲིད་སྐྱོང་སློབ་ཡོན་དང་གཟེངས་རྟགས་སྐོར། བལ་ཡུལ་ནང་གི་གཞིས་ཆགས་དང་སློབ་གྲྭའི་གནས་བབ། སྐད་ཡིག་དང་སློབ་ཁྲིད་གལ་ཆེ་ཚུལ། སློབ་ཕྲུག་ཚོར་རྒྱལ་ཞེན་སྤེལ་བ། སློབ་ཡོན་མཐོན་པོ་སྤྲོད་ཐུབ་མཁན་ཚོ་ལ་དམིགས་ཏེ་སློབ་གྲྭ་གསར་རྒྱག་སྐོར། ལྷག་པར་དུ་ཤེས་རིག་གི་ཐོག་ལ་འཐུས་ཤོར་སོང་བ་ཡིན་ན་རྒྱལ་ཁབ་དང་མི་རིགས་ལ་གསབ་ཏུ་མེད་པའི་གྱོང་གུད་རག་གི་ཡོད་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་ནི་ཕ་རོལ་གྱི་དགྲ་བོ་ཡིན་ན་ཡང་ཞེད་སྣང་ཆེ་ཤོས་བྱེད་ས་ཞིག་དང་། འཛམ་བུ་གླིང་འདིའི་སྒང་གི་ཚན་རིག་པ་དང་ཉམས་ཞིབ་པ། ཤེས་ཡོན་ཅན་མང་པོའི་ཆེ་མཐོང་སྤྲོད་ས་ཞིག་གྱུར་ཡོད་པས་ཤེས་ཡོན་ཐོག་ལ་འགན་ཆེན་པོ་ཡོད་པ་སོགས་ཀྱི་དགོངས་ཚུལ་དང་དོགས་དྲི་གནང་སོང་། ཤེས་རིག་བཀའ་བློན་གྱིས་དྲི་བ་དག་ལ་ལན་འདེབས་གསལ་བཤད་གནང་ཐོགསྐ ད་ལྟའི་ཆར་གཟའ་མཇུག་སློབ་གྲྭ་ཁག་༩༢ ་ཡོད་པ་དང་། རྒྱུན་དུ་ཁྱིམ་ཚང་ནང་བོད་སྐད་བཤད་རྒྱུ་གལ་ཆེན་ཡིན་པ། ཕྱི་ལོ་༢༠༢༣ ལོར་བོད་ཁྱིམ་སློབ་གྲྭ་ཁག་གི་དགེ་རྒན་ཚོའི་གླ་ཆ་དེ་བརྒྱ་ཆ་༤༠% དང་དགེ་རྒན་མ་ཡིན་པའི་ལས་བྱེད་ཚོ་ལ་གླ་ཆ་བརྒྱ་ཆ་༣༨% ་སྤར་ཡོད་པ་སོགས་ཀྱི་བཀའ་ལན་གནང་སོང་། དེའི་རྗེས་སུ་བདེ་སྲུང་ལས་ཁུངས་ཀྱི་མ་ལག་དང་བཅས་པའི་ཕྱི་ལོ་༢༠༢༢ ནས་༢༠༢༣ ལོའི་ལོ་འཁོར་ལས་བསྡོམས་རྒྱས་བསྡུས་སྙན་སྒྲོན་དང་།དེ་དག་ལ་བགྲོ་གླེང་དང་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་འགོ་བཙུགས་ཡོད་པ་རེད།
གསར་འགོད་པ། བློ་བཟང་རྒྱ་མཚོ།