སྲིད་ཟུར་ནས་རྒྱ་ནག་གཞུང་གིས་ཁྱིམ་མཚེས་ནང་པའི་རྒྱལ་ཁབ་ནང་སྐུའི་ཡང་སྲིད་སྐོར་ལོག་འགྲེལ་བྱེད་ཀྱི་ཡོད་པར་གསུངས།

རྒྱ་གར་གྱི་གསར་ཁང་གྲགས་ཅན་(News X)་ཟེར་བ་དེ་ཡིས་སྲིད་ཟུར་བློ་བཟང་སེང་གེ་ལགས་དང་ལྷན་དུ། ད་ལྟའི་རྒྱ་དཀར་ནག་གཉིས་བར་གྱི་འབྲེལ་ལམ་དང་༧ གོང་ས་མཆོག་གི་སྐུའི་ཡང་སྲིད་སོགས་ཀྱི་སྐོར་ལ་བཅར་འདྲི་བྱས་འདུག 

ཕྱི་ཚེས་༦ ཉིན་རྒྱ་གར་གྱི་གསར་ཁང་གྲགས་ཅན་(News X )ཟེར་བ་དེའི་གསར་འགོད་པ་(Priy Sehgal)པུ་རེས་ཡ་སེ་ཧེ་གྷལ་ཟེར་བའི་བུད་མེད་དེས་སྲིད་ཟུར་ལ་བཅར་འདྲི་ཞིག་བྱས་འདུག་པ་དང་།  གསར་འགོད་པས་བརྙན་འཕྲིན་འགོ་བཙུགས་པ་དང་སྦྲགས། སྲིད་ཟུར་འབུམ་རམས་པ་བློ་བཟང་སེང་གེ་ནི་༧་གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་ས་དེ་ཡིན་པ་དང་། ཕྱི་ལོ་༢༠༡༡ ནས་༢༠༢༡ བར་དབུས་བོད་མིིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གནང་མྱོང་ཡོད་པ། དེ་རིང་ཁོང་དང་ལྷན་དུ་རྒྱ་དཀར་ནག་གཉིས་བར་མངོན་གསལ་མེད་པའི་རྩོད་རྙོག་དང་སྐུའི་ཡང་སྲིད་སོགས་ཀྱི་སྐོར་བཅར་འདྲི་བྱེད་རྒྱུ་ཡིན་ཅེས་ངོ་སྤྲོད་ཀྱི་ཚུལ་དུ་བརྗོད་སོང་། གསར་འགོད་པས་ཐོག་མར་ས་ཁམས་དང་ཆབ་སྲིད་ཐོག་ནས་རྒྱ་དཀར་ནག་གཉིས་བར་གྱི་གནད་དོན་དང་འབྲེལ་ནས། ཉེ་ཆར་རྒྱ་གར་གྱི་སྲིད་བློན་འབྲུག་ཡུལ་ཕེབས་པ་དེ་ལ་ཁྱོད་ཀྱི་བསམ་ཚུལ་ཅི་ཡོད་ཅེས་དྲིས། སྲིད་ཟུར་ནས་སྲིད་བློན་མོ་དྷིས་དེར་ཕེབས་པ་ཧ་ཅང་ཡག་པོ་རེད། རྒྱུ་མཚན་ནི་ད་ཆར་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་དང་། བྷང་ལ་དྷེ་ཤེ། ཤྲི་ལངྐ་། མལ་ཌེབ། པ་ཀི་སི་ཐན་བཅས་ཀྱི་ནང་རྒྱ་གར་གྱི་ཤུགས་རྐྱེན་ཆེན་པོ་ཡོད་དགོས་ཀྱང་། དེ་ལས་ལྡོག་སྟེ་ད་ཆར་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་ཡོང་བཞིན་ཡོད་པར་བརྟེན། འབྲུག་དང་བོད་ཀྱི་ས་མཚམས་སུ་རྒྱ་ནག་གི་གནོན་ཤུགས་སླེབ་བཞིན་ཡོད་པ་དང་། དེ་བཞིན་འབྲོག་ལམ་ས་ཁུལ་སོགས་ཀྱི་གནད་དོན་མང་པོ་འབྱུང་བཞིན་པའི་དུས་སྐབས་འདི་འདྲ་ཞིག་གི་སྐབས་སུ་སྲིད་བློན་འབྲུག་ཡུལ་དུ་ཕེབས་ནས། འབྲུག་དང་རྒྱ་གར་གཉིས་བར་འབྲེལ་ལམ་སྲ་བརྟན་ཡོང་ཐབས་བྱེད་པ་ནི་ཧ་ཅང་ཡག་པོ་རེད་ཅེས་གསུངས། གསར་འགོད་པས་གནད་དོན་མང་པོ་ཡོད་པའི་ཁྲོད་ནས་གལ་ཆེ་ཤོས་གཅིག་ནི་༧གོང་ས་མཆོག་དང་ཁོང་གི་ཡང་སྲིད་རེད། དེའི་ཐད་ལ་རྒྱ་ནག་གིས་ཐེ་བྱུས་བྱེད་རྒྱུ་ཡིན་པ་རེད། ཡིན་ན་ཡང་༧ གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་སྲོལ་ཞིག་སྔར་ནས་ཡོད་པ་རེད། ཁྱོད་ཀྱིས་བརྙན་འཕྲིན་གཟིགས་མོ་བ་ཚོ་ལ་༧ གོང་ས་མཆོག་གི་ཡང་སྲིད་དང་ཆབ་སྲིད་ཀྱི་ཐོག་ནས་གལ་འགངས་ཆེན་པོ་ག་ཚོད་ཆགས་ཀྱི་ཡོད་མེད་གཅིག་གསུང་རོགས་ཞེས་རྗོད་སྐབས། 

སྲིད་ཟུར་ལགས་ནས་ཕྱི་ལོ་༢༠༡༡ ཟླ་བ་༡༠ ནང་༧་གོང་ས་མཆོག་གིས་གསལ་པོ་གསུངས་ཟིན་པ་རེད། ཁོང་གི་ཡང་སྲིད་ཀྱི་གནད་དོན་ནི་ཁོང་རང་ཉིད་ཀྱིས་ཐག་གཅོད་བྱེད་རྒྱུ་ལས་གཞན་སུ་ལ་ཡང་དབང་ཆ་མེད་ཅེས་གསུངས་ཡོད། འོན་ཀྱང་། རྒྱ་ནག་གཞུང་གིས་༧ གོང་ས་མཆོག་གི་ཡང་སྲིད་ལ་ཐེ་བྱུས་བྱེད་ཀྱི་ཡོད་རེད། རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་བྱུས་མེད་བྱུས་གཏོགས་བྱས་པ་ཞིག་རེད། ༧གོང་ས་མཆོག་ནས་ཀྱང་གལ་སྲིད་རྒྱ་ནག་གཞུང་ལ་ཡང་སྲིད་ངོས་འཛིན་བྱེད་རྒྱུར་དབྱིངས་དེ་འདྲ་ཡོད་ན། ཐོག་མ་མའོ་དང་གཞན་རྒྱ་ནག་དམར་ཤོག་ཚོགས་པའི་ཤི་ཟིན་པའི་འགོ་ཁྲིད་གཞན་རྣམས་ཀྱི་ཡང་སྲིད་ངོས་འཛིན་བྱོས་ཞེས་གསུངས་ཡོད་པ་རེད། དེ་བཞིན་ཨ་རིའི་གཞུང་ནས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་༧གོང་ས་མཆོག་ཁོ་ན་ལས་གཞན་སུ་ལ་ཡང་མེད་ཅེས་གསུངས་ཡོད་པ་རེད། དེ་བཞིན་ད་ལྟའི་ཧི་མ་ལ་ཡའི་ས་ཁམས་ཆབ་སྲིད་ཀྱི་ཁྲོད་དུ་ནང་པའི་མི་མང་ཕོན་ཆེན་ཡོད་པ་དང་། དཔེར་ན་སོག་པོའི་མི་མང་མང་ཆེ་བ་ནང་པ་ཡིན། ཨུ་རུ་སུའི་ནང་གི་(Tuva)དང་(Buryatia) (Kalmykia)བཅས་མངའ་སྡེ་གསུམ་ནང་པ་ཆགས་ཀྱི་ཡོད། ཨི་ཊ་ལིའི་ནང་ནང་པ་དེ་ཆོས་ལུགས་ཆེ་ཤོས་བཞི་པ་རེད། ཕ་རན་སིའི་ནང་ནང་པ་བཞི་པའམ་ལྔ་པ་རེད། དེ་བཞིན་འཛམ་གླིང་ནང་ནང་པ་དེ་ཆོས་ལུགས་ཆེ་ཤོས་བཞི་པ་འགྱུར་བཞིན་ཡོད་པར་བརྟེན། ༧ གོང་ས་མཆོག་ནང་པའི་མི་མང་ས་ཡ་མང་པོའི་ཁྲོད་ནས་དབུ་ཁྲིད་མཐོ་ཤོས་དེ་ཆགས་ཀྱི་ཡོད། རྒྱུ་མཚན་ནི་དེ་དག་ལ་བརྟེན་ནས། ༧ གོང་ས་མཆོག་གི་ཤུགས་རྐྱེན་ནི་ས་ཁུལ་མང་པོ་ཞིག་དང་། རྒྱལ་ཁབ་མང་པོ་ཞིག འཛམ་གླིང་སྤྱི་ཡོངས་ནང་ཤུགས་རྐྱེན་ཆེན་པོ་ཡོད་པས། རྒྱ་ནག་གཞུང་གིས་ཁོང་གི་ཤུགས་རྐྱེན་དེ་དག་འགོག་ཐབས་ཆེད་དུ་ཁོང་གི་ཡང་སྲིད་ཐད་ཐེ་གཏོགས་བྱེད་ཀྱི་ཡོད། འོན་ཀྱང་། དོན་དངོས་ཐོག་རྒྱ་ནག་གཞུང་ལ་ཡང་སྲིད་ཐད་ཐེ་གཏོགས་བྱེད་རྒྱུའི་བདག་དབང་རྩ་བ་ནས་ཡོད་མ་རེད་ཅེས་ལན་གནང་བ་དང་། གསར་འགོད་པས་ད་ལྟའི་རྒྱ་ནག་གཞུང་གིས་ཡང་སྲིད་ཀྱི་ཐད་ཐེ་གཏོགས་གང་འདྲ་བྱེད་ཀྱི་འདུག་ཅེས་དྲིས་པར། སྲིད་ཟུར་ནས་རྒྱ་ནག་གཞུང་གིས་ཡང་སྲིད་དང་འབྲེལ་པེ་ཅིན་དང་ལྷ་ས་སོགས་ཀྱི་ནང་འགྲེམ་སྟོན་ཁང་གསར་རྒྱག་བྱས་ནས་༧་གོང་ས་མཆོག་གི་ཡང་སྲིད་སྐོར་རྒྱ་ནག་ལ་བདག་དབང་ཡོད་ཚུལ་ལོག་འགྲེལ་བྱེད་བཞིན་ཡོད་པ་དང་། སྐུའི་ཡང་སྲིད་ཀྱི་ཆེད་དུ་དམར་ཤོག་ཚོགས་པའི་ཚོགས་མི་༢༠་ཙམ་ལས་གྲུབ་པའི་ཚོགས་པ་ཟུར་འཛུགས་བྱས་ཡོད་པ་རེད་ལ། ལོ་སྔོན་མའི་ཕྱི་ཟླ་༡༡ ནང་རྒྱ་ནག་གཞུང་གི་གོ་སྒྲིག་འོག་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་དེའི་སྲིད་སྐྱོང་དང་དམར་ཤོག་ཚོགས་པའི་དྲུང་ཆེ་གཉིས་རྒྱ་ནག་གི་ཉེ་འཁོར་དུ་ཡོད་པའི་ནང་པའི་རྒྱལ་ཁབ་བལ་ཡུལ་དང་། ཤྲི་ལངྐ་། འབར་མ་སོགས་ཀྱི་ནང་ཕྱིན་ནས་༧་གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་རྩོམ་དང་གཏམ་བཤད་སོགས་བརྒྱུད་དེ། ཡང་སྲིད་ཀྱི་སྐོར་རྒྱ་ནག་གཞུང་ལ་བདག་དབང་ཡོད་ཚུལ་སོགས་ཀྱི་ལོག་འགྲེལ་བྱེད་ཀྱི་ཡོད། དེ་ནི་ཧ་ཅང་གིས་དངངས་འཚབ་སྐྱེ་དགོས་པ་ཞིག་རེད། རྒྱ་གར་གྱི་ངོས་ནས་༧་གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་དེ་༧གོང་ས་མཆོག་ཁོང་སྐུ་སྒེར་ཁོ་ན་ལ་བདག་དབང་ཡོད་པ་ལས་གཞན་སུ་ལ་ཡང་མེད་པའི་ལངས་ཕྱོགས་གསལ་པོ་བཟོ་རྒྱུ་གལ་ཆེན་པོ་ཡིན་པ་རེད། རྒྱ་གར་གྱི་ལོ་རྒྱུས་ནང་ཆོས་ཕྱོགས་ཀྱི་གནད་དོན་ཆོས་ཕྱོགས་ཀྱི་མི་མང་གིས་ཐག་གཅོད་པ་ལས་སྲིད་དོན་གྱིས་ཐེ་གཏོགས་བྱེད་སྲོལ་མེད་པ་བཞིན། རྒྱ་གར་ངོས་ནས་བོད་པའི་ཆོས་ཕྱོགས་ཀྱི་གནད་དོན་བོད་པའི་ཆོས་ལུགས་མི་སྣ་ཡིས་ཐག་གཅོད་པ་ལས་རྒྱ་ནག་དམར་ཤོག་གཞུང་གིས་ཐག་གཅོད་བྱས་ན་འགྲིག་གི་མེད་པ་བརྗོད་རྒྱུ་གལ་ཆེན་པོ་ཡིན་ཞེས་དང་།  གསར་འགོད་པས་ཁྱོད་ཀྱི་དེ་སྔོན་ཡང་སྲིད་དང་འབྲེལ་བའི་རྩོམ་དེའི་ནང་༧་གོང་ས་མཆོག་གི་ཡང་སྲིད་ཀྱི་སྐོར་རྒྱ་གར་དང་ཨ་རིའི་ངོས་ནས་ཕྱི་གསལ་ནང་གསལ་ཐོག་བཤད་རྒྱུའི་དུས་ལ་བབས་ཡོད་པ་དང་། རྒྱ་ནག་ནི་ཆོས་མེད་སྨྲ་བའི་དམར་ཤོག་རྒྱལ་ཁབ་གཅིག་ཡིན་པར་བརྟེན། ༧གོང་ས་མཆོག་གི་ཡང་སྲིད་སྐོར་བདག་དབང་རྩ་ནས་མེད་རེད་ཅེས་བརྗོད་འདུག དེ་བཞིན་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་ཐད་༧ གོང་ས་མཆོག་ནས་གང་འདྲ་གནང་རྩིས་ཡོད་དམ་ཞེས་འདྲི་དུས། སྲིད་ཟུར་ནས་ཕྱི་ལོ་༢༠༡༡ ནང་༧་གོང་ས་མཆོག་གིས་ཁོང་དགུང་ལོ་༩༠ ཕེབས་དུས་ཐག་གཅོད་བྱེད་ཀྱི་ཡིན་གསུངས་ཡོད་པ་རེད། དེ་ནི་ལོ་རྗེས་མའི་ནང་ཡིན་པ་དང་། ཁོང་གི་ཕྱག་དེབ་ངོས་ཀྱི་ཡུལ་དང་ངོས་མི་མང་ནང་ཁོང་ཐོག་མ་ངོས་འཛིན་གང་འདྲ་བྱས་ཡོད་མེད་ཆ་ཚང་གསུངས་ཡོད་རེད། ལམ་ལུགས་དེ་གཞིར་བཟུང་ཁོང་གི་སྐུ་སྒེར་གྱི་བླ་བྲང་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་འགན་ཆ་ཚང་ཁུར་ནས་ཡང་སྲིད་འཚོལ་རྒྱུ་རེད། གལ་སྲིད་སྐབས་དེ་དུས་བོད་ཀྱི་གནད་དོན་ཐག་གཅོད་མ་ཐུབ་ཚེ་༧གོང་ས་མཆོག་གི་ཡང་སྲིད་བོད་ནང་འཁྲུངས་ཀྱི་མ་རེད་ཅེས་གསུངས། གསར་འགོད་པས་རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ནང་མིང་བཏགས་པ་དང་། རྒྱ་གར་གྱི་སྲིད་བློན་དེར་འཚམས་གཟིགས་ཕེབས་དུས་རྒྱ་ནག་གཞུང་གིས་ས་མཚམས་སུ་རྙོག་གླེང་བཟོ་བ་སོགས་བྱེད་ཀྱི་ཡོད་རེད། ཁྱོད་ཀྱིས་གནད་དོན་དེ་འདྲ་ཡོང་དགོས་དོན་རྒྱུ་མཚན་ག་རེ་རེད་མཐོང་གི་འདུག་ཅེས་དྲིས་པས། སྲིད་ཟུར་ནས་ཉེ་ཆར་རྒྱ་གར་གྱི་སྲིད་བློན་ཨ་རུ་ན་ཅལ་ནང་ཕེབས་དུས་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་པ་རེད་ལ། རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེ་ནི་བོད་ལྷོ་ཕྱོགས་ཀྱི་ས་ཁུལ་ཡིན་ཚུལ་རྗོད་ཀྱི་ཡོད། འོན་ཀྱང་། སྟབས་ལེགས་པ་ཞིག་ལ་འདི་ལོར་ཨ་རིའི་གཞུང་ནས་ཨ་རུ་ན་ཅལ་རྒྱ་ནག་གི་ཡིན་ཚུལ་བརྗོད་པ་དེ་ལ་ལན་འདེབས་བྱས་ཡོད་པ་རེད། ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ཡིན་པ་ལས་རྒྱ་ནག་ལ་ནམ་ཡང་དབང་གི་མ་རེད་ཅེས་བརྗོད་ཡོད། ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ནས་༧་གོང་ས་མཆོག་སྐུ་ཕྲེང་༦ པ་རྟ་དབང་ནང་འཁྲུངས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་ཕྲེང་རིམ་བྱོན་ཚང་མ་རྒྱ་ནག་གི་ཕྱི་ཕྱོགས་སུ་འཁྲུངས་མྱོང་ཡོད་མ་རེད། ༧་གོང་ས་སྐུ་ཕྲེང་༡༥ པ་ཡང་རྒྱ་ནག་གི་ཕྱི་ཕྱོགས་སུ་འཁྲུངས་ན་འགྲིག་གི་མ་རེད་ཅེས་བརྗོད་ནས་ཨ་རུ་ན་ཅལ་རྒྱ་ནག་གི་ཆ་ཤས་ཡིན་པར་རྗོད་ཀྱི་ཡོད། དེ་བཞིན་ཕྱི་ལོ་༢༠༤༩ ལོར་རྒྱ་ནག་ནི་འཛམ་གླིང་ནང་སྟོབས་ཆེན་རྒྱལ་ཁབ་ཆེ་ཤོས་དེ་ཆགས་རྒྱུའི་དམིགས་འབེན་བཟུང་ཡོད་པ་དང་། རྒྱལ་ཁབ་སུ་འདྲ་ཞིག་ཡིན་ཡང་འཛམ་གླིང་ནང་སྟོབས་ཤུགས་ཆེ་ཤོས་ཆགས་པ་ལ་ཐོག་མར་ས་ཁུལ་སོ་སོ་ནས་སྟོབས་ཤུགས་ཆེ་ཤོས་དེ་ཆགས་དགོས་པར་བརྟེན། མ་འོངས་པར་ཨེ་ཤེ་ཡའི་ནང་རྒྱ་དཀར་ནག་གཉིས་གང་རུང་སྟོབས་ཤུགས་ཆེ་ཤོས་ཆགས་ཐབས་སུ་རྒྱ་གར་དང་རྒྱ་ནག་བར་འགྲན་རྩོད་ཡོང་ངེས་ཡིན་པས། རྒྱ་གར་གྱི་ངོས་ནས་གཟབ་ནན་བྱེད་རྒྱུ་གལ་ཆེན་རེད་ཅེས་བརྗོད་སོང་ལ། དེ་བཞིན་ཨུ་རུ་སུ་དང་ཡུག་རེན་གྱི་གནད་དོན། ཨུ་རུ་སུ་དང་རྒྱ་ནག་གཉིས་བར་དོན་དངོས་ཐོག་ས་མཚམས་སུ་མི་མཐུན་པའི་གནད་དོན་དུ་མ་ཡོད་པའི་སྐོར་སོགས་ལན་འདེབས་གནང་སོང་།

གསར་འགོད་པ། བསོད་ནམས་ཕུན་ཚོགས།