ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་རྒྱ་ནག་ཏུ་ཕྱིན་ཏེ་ཞི་ཅིན་ཕིང་དང་ཐུག་འཕྲད་བྱས་འདུག

ཟླ་འདིའི་ཚེས་༡༠ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་ཞིག་རྒྱ་ནག་ལ་ཕྱིན་ནས་ཞི་ཅིན་ཕིང་དང་ཐུག་འཕྲད་བྱས་ཡོད་པ་དང་། ཐེངས་འདིའི་ཐུག་འཕྲད་དེ་ནི་ཕྱི་ལོ་༡༩༤༩ རྒྱ་ནག་དམར་ཤོག་ཚོགས་པ་འགོ་བཙུགས་ནས་བཟུང་ད་བར་ཐའེ་ཝན་དང་རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་བར་རྒྱ་ནག་ཏུ་ཐུག་འཕྲད་བྱས་པ་ཐེངས་དང་པོ་དེ་ཆགས་ཡོད་པ་མ་ཟད། སྐབས་དེར་རྒྱ་ནག་གིས་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ཀྱིས་རྒྱ་ནག་དང་ཐའེ་ཝན་གཉིས་ཟླ་སྒྲིལ་གཏོང་བར་འགོག་རྐྱེན་བཟོ་མི་ཐུབ་ཅེས་བརྗོད་འདུག

པར། ནིའུ་ཡོག་དུས་བབ།

རྒྱ་ནག་དང་ཐའེ་ཝན་བར་གྱི་ཛ་དྲག་གི་གནས་སྟངས་ཞི་འཇགས་ཡོང་ཐབས་སུ་ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་མ་དབྱིན་ཅིའུ་(Ma Ying jeou) ་ཡིས་ཁོང་ཉིད་ཀྱི་འགྲུལ་བཞུད་ལ་ཞི་བའི་འགྲུལ་བཞུད་ཅེས་བོས་ནས་ཉིན་གྲངས་༡༡ རིང་རྒྱ་ནག་ཏུ་ཕྱིན་ཡོད་པ་དང་། ཟླ་འདིིའི་ཚེས་༡༠ ་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་བྱས་ཡོད་འདུག
སྐབས་དེར་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་དང་ཐའེ་ཝན་གཉིས་ཁ་བྲལ་གཏོང་ཐུབ་པའི་སྟོབས་ཤུགས་ཤིག་མེད་པ་དང་ཕྱི་ཕྱོགས་ཀྱི་ཐེ་བྱུས་ཀྱིས་རྒྱ་ནག་དང་ཐའེ་ཝན་གཉིས་གཅིག་འགྱུར་ཡོང་རྒྱུར་འགོག་རྐྱེན་བཟོ་མི་ཐུབ་ཅེས་དང་། ལམ་ལུགས་མ་འདྲ་བས་ང་ཚོ་རྒྱལ་ཁབ་གཅིག་གི་ཁོངས་གཏོགས་ཡིན་པའི་དངོས་ཡོད་གནས་ཚུལ་ལ་འགྱུར་ལྡོག་གཏོང་མི་ཐུབ་ཅེས་བརྗོད་ཡོད་འདུག

ཐའེ་ཝན་གྱི་སྲིད་འཛིན་ཟུར་པས་གལ་སྲིད་ཕྱོགས་གཉིས་དབར་དམག་འཁྲུག་ལངས་ཚེ། དེ་ནི་རྒྱ་ནག་རྒྱལ་ཁབ་ལ་བཟོད་ཐབས་བྲལ་བའི་རྡོག་ཁྲེས་ཤིག་ཆགས་ཀྱི་རེད་ཅེས་དང་། མཚོ་འགག་ཕན་ཚུན་གཉིས་ཀའི་རྒྱ་མི་ཚོར་རྩོད་རྙོག་ཞི་བའི་སྒོ་ནས་སེལ་ཐབས་དང་འཁྲུག་རྩོད་གཡོལ་ཐབས་ཀྱི་རྣམ་དཔྱོད་འདང་ངེས་ཡོད་པ་མ་ཟད། ཁོང་ཚོས་ཐའེ་ཝན་གྱི་རང་བཙན་ལ་ངོ་རྒོལ་ཡང་བྱེད་དགོས་ཞེས་བརྗོད་འདུག སྲིད་འཛིན་ཟུར་པ་འདིས་རྒྱ་ནག་ལ་ལྟ་སྟངས་ཡག་པོ་ཡོད་པ་དང་ཁོས་རྒྱ་ནག་དང་ཐའེ་ཝན་གཉིས་ཞི་བའི་ཟླ་སྒྲིལ་གཏོང་རྒྱུ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག

སྲིད་འཛིན་ཟུར་པ་འདིས་ཕྱི་ལོ་༢༠༠༨ ནས་༢༠༡༦ བར་ཐའེ་ཝན་གྱི་སྲིད་འཛིན་གྱི་དུས་ཡུན་ཐེངས་གཉིས་བཞེས་མྱོང་ཡོད་པ་དང་། ཕྱི་ལོ་༢༠༡༥ ལོ་ཁོ་རང་སྲིད་འཛིན་ཡིན་སྐབས་སེང་གྷ་པུར་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་ཐེངས་དང་པོ་བྱས་ཡོད་པ་དང་། ཐེངས་འདིར་ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་དང་རྒྱ་ནག་གི་སྲིད་འཛིན་གཉིས་ཐུག་འཕྲད་བྱས་པ་ནི་ཕྱི་ལོ་༡༩༤༩ རྒྱ་ནག་གི་ནང་འཁྲུག་མཇུག་བསྒྲིལ་བ་ནས་བཟུང་རྒྱ་ནག་ཏུ་ཕྱོགས་གཉིས་ཀྱི་ཆེས་མཐོའི་ཆབ་སྲིད་འགོ་ཁྲིད་ཐུག་འཕྲད་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག
ཕྱི་ལོ་༢༠༡༦ ལོར་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ཚེ་དབྱིན་ཝན་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ་དང་ཁོང་གིས་རྒྱ་གཞུང་གི་འདོད་ཚུལ་ལ་ངོས་ལེན་མ་བྱས་པར་བརྟེན་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་འདུག དུས་དེ་ནས་བཟུང་རྒྱ་ནག་གི་ཕྱི་འབྲེལ་དང་དམག་དོན་སྤྱད་ནས་ཐའེ་ཝན་ལ་གནོན་ཤུགས་རིམ་པ་སྤྲད་ཡོད་འདུག

ལྷག་པར་དུ་ལོ་འདིའི་ཕྱི་ཟླ་༡ ནང་རྒྱ་ནག་གིས་ཉེན་ཚབ་ཆེ་བའི་ཁ་བྲལ་རིང་ལུགས་པ་ཞེས་འབོད་པའི་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ཝེ་ལེན་ལའེ་ཁྲིན་ཐེ་(William Lai Ching-te) ་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཡོད་པར་བརྟེན་རྒྱ་ནག་དང་ཐའེ་ཝན་གྱི་གནས་སྟངས་ནི་ཛ་དྲག་གི་གནས་སུ་ལྷུང་ཡོད་པ་མ་ཟད། ཕྱོགས་གཉིས་ཀྱི་འབྲེལ་ལམ་གྱིས་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་ལམ་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།