ངག་དབང་རབ་རྒྱས།
ཁོང་གིས་སྐབས་བཅུ་བཞི་པའི་སྤྱི་འཐུས་དང་མི་མང་གིས་ཐད་ཀར་འོས་འདེམས་བྱ་རྒྱུའི་སྐབས་གཉིས་པའི་བཀའ་བློན་ཁྲི་པ་འོས་བསྡུའི་སྐོར་གསུང་དོན། འདས་པའི་ཉམས་མྱོང་ལ་བསམ་བློ་བཏང་ནས་མ་འོངས་པར་རེ་བ་བྱེད་དགོས་པ་དང༌། མི་མང་པོ་ཞིག་གིས་གྲོས་ཚོགས་ཀྱི་འཐུས་མི་འདོད་བློ་ཁེངས་པ་ཞིག་སླེབས་ཐུབ་མེད་པར་བརྟེན་འཕོ་འགྱུར་ཞིག་ངེས་པར་དུ་གཏོང་དགོས་པའི་བསམ་ཚུལ་འཛིན་གྱི་ཡོད། འོན་ཀྱང་འཕོ་འགྱུར་གཏོང་དང་མི་གཏོང་དེ་གཙོ་ཆེ་ཤོས་རྒྱ་ཆེའི་མང་ཚོགས་ཀྱི་ལག་ཏུ་ཡོད་པ་དང༌། དེ་བཞིན་ལོ་བཅོ་ལྔ་ཉི་ཤུ་ལ་སྤྱི་འཐུས་ཀྱི་རྐུབ་སྟེགས་བཟུང་སྡོད་མཁན་ཚོ་སྤྱི་དང༌། ལྷག་པར་དུ་བགྲེས་སོང་ཚོའི་ངོས་ནས་རྐུབ་སྟེགས་དེ་རིམ་པས་མི་རབས་གསར་པ་རྣམས་ལ་རྩིས་སྤྲད་དེ་རྒྱུན་འཛིན་གྱི་གཞོན་སྐྱེས་ཁག་ཅིག་སྐྱེད་སྲིང་བྱེད་དགོས་པ་དེ་ཤིན་ཏུ་གལ་ཆེན་པོར་གྱུར་ཡོད། གཞོན་སྐྱེས་ཚོར་མཚོན་ནའང་སྤྱི་འཐུས་ཀྱི་རྐུབ་སྟེགས་དེ་ཕྱི་རྒྱལ་དུ་འགྲོ་བའི་མཐོང་མཆན་ཝི་ཟ་རག་ཆེད་དང༌། རང་ཉིད་ཀྱི་འཚོ་བའི་མདུན་ལམ་ཙམ་དུ་མི་དམིགས་པར། འཛམ་བུའི་གླིང་གིས་གཙུག་ཏུ་བཀུར་བཞིན་པའི་ང་ཚོའི་དབུ་ཁྲིད་ྋགོང་ས་མཆོག་དང༌། མཁས་མཛངས་རྣམ་དཔྱོད་ལྡན་པའི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་རྣམ་གཉིས་ང་ཚོའི་བསོད་ནམས་ཀྱི་བགོ་སྐལ་དུ་ཡོད་པའི་སྐབས་འདིར། ང་ཚོས་ཁོང་རྣམ་གཉིས་ཀྱི་དགོངས་གཞི་དང་ལྟ་གྲུབ། ཆབ་སྲིད་ཀྱི་ལངས་ཕྱོགས་སོགས་ལ་སློབ་སྦྱོང་བྱས་ནས་རྒྱུས་མངའ་དང་ཉམས་མྱོང་ཡོད་པ་ཞིག་བྱེད་དགོས་རྒྱུ་དེ་ད་ལྟའི་ང་ཚོའི་གནས་སྟངས་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་དགོས།
ཕྲན་གྱིས་བརྗོད་པའི་གཞོན་སྐྱེས་ཞེས་པ་དེ་ལོ་ན་ཆུང་བ་གཅིག་པུ་ཙམ་མིན་པར་ཕྱི་ནང་གི་ཤེས་ཡོན་ལྡན་ལ། ལྷག་བསམ་རྣམ་དག་དང་རང་ནུས་གང་ཡོད་ཀྱིས་བོད་མི་རིགས་ལ་ཞབས་འདེགས་བསྒྲུབ་འདོད་ཡོད་པ་དང་བསྒྲུབ་ཐུབ་མཁན་གྱི་ཤེས་འཇོན་ལྷག་བསམ་ལྡན་པ་ཞིག་ལ་གོ་དགོས་པ་ཡིན། མང་གཙོའི་ལམ་ལུགས་ཅན་གྱི་གྲོས་ཚོགས་ཀྱི་ནང་དུ་བསམ་ཚུལ་མི་མཐུན་པ་མང་པོ་ཡོད་དགོས་པ་དང༌། དེ་དག་བགྲོ་གླེང་གི་སྒོ་ནས་ཐག་གཅོད་བྱས་པ་བརྒྱུད་ཆུ་བརྒྱ་ཟམ་པ་གཅིག་གི་འོག་ཏུ་འགྲོ་དགོས་པ་ལས། སོ་སོའི་འདོད་པར་མཐུན་མིན་ལ་བསྙད་ནས་དོན་དམ་ནང་ཁུལ་ཆབ་སྲིད་ཀྱི་རྙོག་གླེང་བསྲེས་ནས་སྤྱི་ཚོགས་ནང་དུ་རྩོད་རྙོག་སློང་མཁན་ལྟ་བུ་སླད་ཀྱི་ཆར་མི་ཡོང་བར་རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་ཤུགས་སྣོན་རྒྱག་དགོས། འབྱུང་འགྱུར་བཀའ་བློན་ཁྲི་པ་ལ་མཚོན་ན་བཙན་བྱོལ་ཁྲོད་མི་ལ་ཡོད་ན་སྨོན་རྒྱུ་དང༌། རང་ལ་ཡོད་ན་ངོམ་རྒྱུ་ལྟ་བུར་གྱུར་པའི་མཁས་དབང་ཟམ་གདོང་རིན་པོ་ཆེ་ལས་འོས་པ་སུ་གང་ཡང་མེད་པས། རྒྱ་ཆེའི་མང་ཚོགས་ནས་ཀྱང་འབྱུང་འགྱུར་མི་རིགས་འདིའི་ལས་དབང་ལ་བསམ་གཞིགས་ནན་པོ་བྱས་ཏེ་ཁོང་ལ་འོས་འཕེན་དགོས་པ་ནི་ཤིན་ཏུ་གལ་ཆེ་བའི་གནད་དོན་ཞིག་ཏུ་གྱུར་ཡོད།།
