ཨི་སི་རེལ་གྱི་སྲིད་བློན་དང་ཧ་མ་སིའི་མགོ་པ་འགའ་འཛིན་བཟུང་བྱེད་རྒྱུའི་གསལ་བསྒྲགས།

བྷི་བྷི་སིའི་གསར་ལམ་གྱི་པར།

ཧ་མ་སི་ཡིས་ཨི་སི་རེལ་གྱི་མི་མང་མང་པོ་བསད་པ་དང་མང་པོ་ཞིག་བཙན་ཁྲིད་བྱས་ནས་ད་དུང་གློད་མེད་པར་བརྟེན། ཨི་སི་རེལ་གྱིས་ཧ་མ་སི་ལ་རྒོལ་རྡུང་དྲག་པོ་བཏང་ནས་གྷ་ཛ་གྲོང་ཁྱེར་ནང་ཁྱོན་མི་སེར་༣༠༠༠༠ ལྷག་ཙམ་བསད་ཡོད་པར་རྗོད་ཀྱི་ཡོད་འདུག་ལ། ད་དུང་ཡང་ཨི་སི་རེལ་གྱིས་ཁོང་ཚོའི་མི་མང་བཙན་ཁྲིད་བྱས་པ་དག་མ་གློད་ཚེ་ཧ་མ་སི་ལ་རྒོལ་རྡུང་གཏོང་རྒྱུ་མཚམས་འཇོག་བྱེད་རྒྱུ་མིན་ཞེས་རྗོད་ཀྱི་ཡོད་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་ད་ལྟ་བར་མི་མང་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང་། ཁྲི་ཚོ་མང་པོ་ལ་དཀའ་ངལ་བཟོས་ཡོད་པའི་དབང་གིས་རྒྱལ་སྤྱིའི་ཁྲིམས་ཁང་ནས་ཨི་སི་རེལ་གྱི་སྲིད་བློན་དང་ཧ་མ་སིའི་མགོ་པ་འགའ་ཤས་ཤིག་འཛིན་བཟུང་བྱ་རྒྱུའི་གསལ་བསྒྲགས་བཏང་ཡོད་འདུག 
ཕྱི་ཚེས་༢༡ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱལ་སྤྱིའི་ཁྲིམས་ཁང་གིས་ཨི་སི་རེལ་གྱི་སྲིད་བློན་གྱིས་གྷ་ཛའི་ནང་དམག་འཁྲུག་བརྒྱབས་པའི་ཁྲོད་མི་མང་ཕོན་ཆེན་པོ་བསད་ཡོད་པར་བརྟེན། ཨི་སི་རེལ་གྱི་སྲིད་བློན་དང་ཧ་མ་སིའི་མགོ་པ་འགའ་འཛིན་བཟུང་བྱེད་རྒྱུའི་གསལ་བསྒྲགས་སྤེལ། ཨི་སི་རེལ་གྱི་སྲིད་བློན་གྱིས་(Benjamin Netanyahu)ཁོ་དང་ཧ་མ་སིའི་དྲག་སྤྱོད་པའི་མགོ་ཁྲིད་དང་གཅིག་པ་མིན་པ་དང་། རྒྱལ་སྤྱིའི་ཁྲིམས་ཁང་ནས་ཁོ་འཛིན་བཟུང་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་པ་ནི་ཧ་ཅང་གིས་མི་འོས་པ་རེད་ཅེས་ཁོང་ཁྲོ་ཆེན་པོའི་ཐོག་ནས་ལན་འདེབས་བྱས་འདུག ཨི་སི་རེལ་གྱི་སྲིད་བློན་གྱིས་དམངས་གཙོ་ལྡན་པའི་ཨི་སི་རེལ་གྱི་འགོ་ཁྲིད་དང་མི་གསོད་ལག་དམར་བ་ཧ་མ་སི་གཉིས་མཚུངས་བསྡུར་བྱེད་པ་ནི་བྱེད་སྟངས་ཐ་ཤལ་ཞིག་རེད་ཅེས་བརྗོད་འདུག རྒྱལ་སྤྱིའི་ཁྲིམས་ཁང་གི་ཁྲིམས་གཏུགས་བྱེད་མཁན་(Karim Khan)ཟེར་བ་དེས་ཨི་སི་རེལ་གྱི་སྲིད་བློན་དང་བདེ་སྲུང་བློན་ཆེན་(Yoav Gallant)་ཟེར་བ། དེ་བཞིན་ཧ་མ་སིའི་འགོ་ཁྲིད་(Yahya Sinwar)སོགས་ལ་གྷ་ཛ་ས་ཁུལ་ནང་འབྱུང་བཞིན་པའི་ཚབས་ཆེ་བའི་མི་གསོད་དོན་རྐྱེན་དེའི་འགན་ཆ་ཚང་ཁོང་ཚོ་ལ་ཡོད་པ་དང་། དེ་ཡང་དམག་འཁྲུག་བསླངས་པའི་ནག་ཉེས་དང་། མི་མང་སྟོང་ཕྲག་མང་པོའི་ཚེ་སྲོག་འཕྲོགས་པ། མི་མང་གནས་སྤོ་དགོས་བྱུང་བ་སོགས་ཚད་ལས་འདས་པའི་དཀའ་སྡུག་བཟོས་པའི་ནག་ཉེས་ཡོད་པར་བརྗོད་ཡོད་འདུག རྒྱལ་སྤྱིའི་ཁྲིམས་ཁང་ཟེར་བ་དེ་ཕྱི་ལོ་༢༠༠༢ ལོར་གསར་འཛུགས་བྱས་ཡོད་འདུག་ཀྱང་། ཨ་རི་དང་ཨི་སི་རེལ་གཉིས་རྒྱལ་སྤྱིའི་ཁྲིམས་ཁང་གི་ཚོགས་མི་ཡིན་མི་འདུག ཐེངས་འདིར་ཨི་སི་རེལ་དང་ཧ་མ་སི་གཉིས་ཁྲིམས་ལ་གཏུག་དགོས་དོན་ནི་ལོ་སྔོན་མའི་ཕྱི་ཟླ་༡༠ ཚེས་༧ ཉིན་ཧ་མ་སི་ཡིས་ཨི་སི་རེལ་གྱི་མི་སེར་ཐོག་དྲག་རྒོལ་ཆེན་པོ་བྱས་པའི་རྐྱེན་གྱིས་ཨི་སི་རེལ་གྱི་མི་མང་༡༢༠༠ ཙམ་གྱི་ཚེ་སྲོག་ཤོར་ཡོད་འདུག་པ་དང་། མི་༢༥༢ ཙམ་ཞིག་བཙན་ཁྲིད་བྱས་ཡོད་པ་དང་། ད་དུང་འགའ་ཤས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག་པ་དང་། དེ་བཞིན་པ་ལི་སི་ཐན་གྱི་མི་༣༥༥༠༠ ཙམ་གྷ་ཛའི་ནང་ཚེ་སྲོག་ཤོར་ཡོད་འདུག གཟའ་ཟླ་བའི་ཉིན་ཨ་རིའི་སྲིད་འཛིན་གྱིས་ཨི་སི་རེལ་གྱི་སྲིད་བློན་དང་ཧ་མ་སིའི་འགོ་ཁྲིད་བསྡུར་ཐབས་མེད་པ་དང་། ཨི་སི་རེལ་གྱིས་རང་གི་མི་མང་སྲུང་སྐྱོབ་ཆེད་དུ་ཡིན་པ་དང་ཧ་མ་སི་ཡིས་དྲག་སྤྱོད་པའི་བྱ་སྤྱོད་སྤེལ་བ་རེད་ཅེས་བརྗོད་ཡོད་འདུག ཁྲིམས་ཁང་གི་ཁྲིམས་རྩོད་པ་(Mr Khan)ཟེར་བ་དེ་ཡིས་ཧ་མ་སིའི་འགོ་ཁྲིད་(Mr Gallant )དང་(Ismail Haniyeh) དེ་བཞིན་དམག་སྤྱི་(Mohammed Deif)སོགས་ཀྱང་འཛིན་དགོས་པར་བརྗོད་ཡོད་འདུག གལ་སྲིད་རྒྱལ་སྤྱིའི་ཁྲིམས་ཁང་ནས་ནག་ཉེས་གང་ཡོད་པའི་ཡིག་ཆ་དག་ཚོགས་མི་རྒྱལ་ཁབ་སོ་སོ་ལ་བཏང་ན་དུས་དེ་ནས་བཟུང་གོང་གསལ་གྱི་འགོ་ཁྲིད་དག་འཛིན་བཟུང་བྱེད་རྒྱུའི་གོ་སྐབས་བྱུང་ཚེ་འཛིན་བཟུང་བྱེད་ཆོག་གི་ཡོད་འདུག ཨི་སི་རེལ་གྱི་སྲིད་བློན་དང་བདེ་སྲུང་བློན་ཆེན་གཉིས་ཀ་རྒྱལ་སྤྱིའི་ཁྲིམས་ཁང་ནས་ཁྱབ་བསྒྲགས་དེ་ལྟར་བྱས་པ་ནི་ཧ་ཅང་ཐལ་དྲགས་པ་རེད་ཅེས་སྐྱོན་བརྗོད་ཤུགས་ཆེར་བྱས་ཡོད་འདུག འོན་ཀྱང་། ཨི་སི་རེལ་དང་མཐུན་ཕྱོགས་རྒྱལ་ཁབ་འགའ་ཤས་ཀྱིས་ཁྲིམས་ཁང་གི་ཐག་གཅོད་དེ་ལ་གུས་བཀུར་ཞུས་ཡོད་འདུག ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་གྱིས་ཁྲིམས་ཁང་གི་ཐག་གཅོད་ལ་གུས་བཀུར་དང་དེ་ནི་ཉེས་ཅན་པ་ལ་རྒོལ་རྡུང་བཏང་བ་རེད་ཅེས་བརྗོད་འདུག 

འཇར་མན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཁྲིམས་ཁང་གིས་རང་དབང་ལྡན་པའི་ཐོག་ནས་ཐག་གཅོད་བྱས་པར་རྒྱབ་སྐྱོར་ཡོད་ཅེས་བརྗོད་འདུག་ཀྱང་། ཧ་མ་སི་དང་ཨི་སི་རེལ་གྱི་འགོ་ཁྲིད་གཉིས་གཅིག་པ་མ་རེད་ཅེས་བརྗོད་ཡོད་འདུག ཧ་མ་སིའི་འགོ་ཁྲིད་ཚོས་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཨི་སི་རེལ་གྱི་འགོ་ཁྲིད་འཛིན་བཟུང་བྱེད་རྒྱུ་ཟླ་བ་བདུན་གྱི་རྗེས་སུ་གཞི་ནས་ཁྱབ་བསྒྲགས་བྱས་པ་ནི་དྲང་པོ་མ་རེད་ཅེས་དང་། ཧ་མ་སིའི་འགོ་ཁྲིད་འཛིན་བཟུང་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་པ་ནི་ཉམ་ཆུང་མི་མང་ཚོ་ལ་ཐུབ་ཚོད་བཏང་བ་རེད་ཅེས་བརྗོད་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།