མོ་དྷི་བསྐྱར་དུ་རྒྱ་གར་གྱི་སྲིད་བློན་ལ་འདེམས་མིན་ནི་ཡུ་པི་མངའ་སྡེ་ལ་རག་ལས་ཡོད་འདུག

བྷི་བྷི་སིའི་པར།

ད་ལྟ་རྒྱ་གར་གྱི་འོས་བསྡུ་བྱེད་བཞིན་ཡོད་པར་བརྟེན། ད་ལྟའི་འོས་བསྡུའི་ཁྲོད་རྒྱ་གར་གྱི་(UP)ཡུ་པི་མངའ་སྡེ་དེ་ལས་ཐོག་སྲིད་བློན་མོ་དྷི་བསྐྱར་དུ་སྲིད་བློན་ལ་འདེམས་ཐུབ་མིན་ཐད་གལ་ཆེན་པོ་ཆགས་ཀྱི་ཡོད་འདུག

ཕྱི་ཚེས་༢༩ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ལོའི་རྒྱ་གར་གྱི་འོས་བསྡུའི་ཁྲོད་རྒྱལ་ཁ་སུ་ཐོབ་མིན་ཐད་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཡུ་པི་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་འདུག རྒྱུ་མཚན་ནི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་༥༤༣་ནས་༨༠ ཡུ་པི་མངའ་སྡེ་ནས་འདེམས་ཀྱི་ཡོད་ཅིང་། ཡུ་པི་མངའ་སྡེ་གཅིག་པུའི་ནང་ཁྱོན་མི་འབོར་ས་ཡ་༢༥༧ ཙམ་ཡོད་འདུག མངའ་སྡེ་དེ་ད་ལྟའི་རྒྱ་གར་གྱི་འོས་བསྡུ་ཁྲོད་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་འདུག གལ་སྲིད་ཡུ་པི་མངའ་སྡེ་དེ་རྒྱལ་ཁབ་གཅིག་ཡིན་པའི་དབང་དུ་བཏང་ན། འཛམ་གླིང་ནང་རྒྱལ་ཁབ་ཆེ་ཤོས་ཨང་ལྔ་པ་དེ་ཆགས་ཀྱི་ཡོད་ཅིང་། ཨ་རི་དང་། རྒྱ་ནག རྒྱ་གར། ཧིན་དཱུ་ནི་ཤི་ཡ། པ་ཀི་སི་ཐན་བཅས་ཀྱི་རྗེས་སུ་སླེབ་ཀྱི་ཡོད་འདུག ད་ཐེངས་ཀྱི་འོས་བསྡུ་དེ་ཕྱི་ཟླ་༦ ཚེས་༡ ལ་ཉིན་མཐའ་མ་ཡིན་འདུག་པ་དང་། གྲུབ་འབྲས་ཚེས་༤ ཉིན་གསལ་བསྒྲགས་བྱེད་འཆར་ཡོད་འདུག དུས་རྒྱུན་རྒྱ་གར་ནང་ལབ་སྲོལ་ཞིག་ཡོད་པ་ནི། ལྡི་ལི་ལ་འགྲོ་འདོད་ན་ཐོག་མར་ཡུ་པི་མངའ་སྡེ་བརྒྱུད་དེ་འགྲོ་དགོས་ཟེར་སྲོལ་ཡོད་འདུག་ལ། འདས་པའི་རྒྱ་གར་གྱི་སྲིད་བློན་བརྒྱད་ཡུ་པི་མངའ་སྡེེ་ནས་རྒྱལ་ཁ་ཆེན་པོ་ཐོབ་སྟེ་སྲིད་བློན་ཆགས་ཡོད་འདུག་ལ། ད་ལྟའི་ལས་ཐོག་སྲིད་བློན་མོ་དྷི་ཡང་ཕྱི་ལོ་༢༠༡༤ ལོ་ཡུ་པི་མངའ་སྡེ་ནས་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་ནས་སྲིད་བློན་ཆགས་ཡོད་འདུག ཕྱི་ལོ་༢༠༡༩ ལོར་ཡང་ཡུ་པི་མངའ་སྡེར་ཡོད་པའི་ཝ་ར་ཎ་སིའི་(Varanasi)ནང་དྲིལ་བསྒྲགས་བྱས་ནས་ཐོབ་ཡོད་འདུག ཕྱི་ལོ་༢༠༡༤ ལོར་ཡུ་པི་མངའ་སྡེ་ནས་བྷི་ཇི་པི་སྲིད་དོན་ཚོགས་པ་ལ་རྐུབ་བཀྱག་༧༡ དང་། ༢༠༡༩ ལོར་༦༢།  ད་ལོ་༧༠ ལས་མང་བ་རག་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་འདུག ཡུ་པི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་བླ་མའམ་(Yogi)་དེ་ཡིན་པ་དང་། ཁོ་དང་སྲིད་བློན་མོ་དྷི་གཉིས་ཀྱིས་དེ་སྔོན་ཡུ་པི་མངའ་སྡེའི་ནང་འོས་བསྡུའི་དྲིལ་བསྒྲགས་ཆེན་པོ་བྱས་ཡོད་འདུག ཡུ་པི་ཡི་ཕྱོགས་འགལ་སྲིད་དོན་ཚོགས་པ་(Samajwadi Party)དང་གཞན་སྲིད་དོན་ཚོགས་འགའ་ཤས་མཉམ་འབྲེལ་ཐོག་ནས་འོས་བསྡུའི་ཁྲོད་རྩོད་ལེན་བྱེད་བཞིན་ཡོད་འདུག ཡུ་པི་མངའ་སྡེ་དེ་ཕྱི་ལོ་༡༩༩༡ བར་ཏེ་འདས་པའི་ལོ་༤༠ རིང་རྒྱ་གར་གྱི་ཀོང་རེ་སི་སྲིད་དོན་ཚོགས་པ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་མྱོང་ཡོད་འདུག སྤྱི་བཏང་ཡུ་པི་མངའ་སྡེ་དེ་ལོ་དུ་མའི་རིང་རྒྱ་གར་གྱི་མངའ་སྡེའི་ཁྲོད་ནས་དཔལ་འབྱོར་གནས་སྟངས་སྐྱོ་ཤོས་གྲས་ཤིག་དང་། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་མང་ཤོས་ཤིག དམིགས་བསལ་བུད་མེད་ཀྱི་གནས་སྟངས་སོགས་སྐྱོ་བོ་ཡིན་འདུག་ཀྱང་། འདས་པའི་ལོ་འགའ་ཤས་རིང་འཛུགས་སྐྲུན་ལས་གཞི་ལམ་ཆེན། གནམ་ཐང་གསར་རྒྱག ཆུ། གློག གསང་སྤྱོད་སོགས་གསར་རྒྱག་བྱས་ནས་ད་ཆར་ཡར་རྒྱས་ཡག་པོ་འགྲོ་བཞིན་ཡོད་འདུག་པར་བརྟེན། འདི་ལོར་མོ་དྷིའི་སྲིད་དོན་ཚོགས་པར་འོས་མང་བ་ཐོབ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

ཕྱོགས་འགལ་སྲིད་དོན་ཚོགས་པས་ཡུ་པིའི་ནང་གི་མོ་དྷིའི་སྲིད་དོན་ཚོགས་པར་དངོས་ཟོག་གི་རིན་གོང་འཕར་བ་དང་། གཞོན་སྐྱེས་ལས་མེད་མང་དུ་ཕྱིན་ཡོད་པ་སོགས་ཀྱི་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།