སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག
ང་ནི་ཁྱེད་དང་ཁྱེད་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་བོད་འབངས་དཀྱུས་མ་ཞིག་ཡིན་པར་མ་ཟད་མང་གཙོའི་རིང་ལུགས་དང་ཞི་བདེའི་རྒྱལ་ཁམས་ལ་དུང་བའི་སྐྱེ་བོ་བྱེ་བྲག་པ་ཞིག་ཀྱང་ཡིན། ཁྱེད་ཀྱི་བཀའ་ཁྲིའི་འོས་འགྲན་གྱི་ལས་རིམ་ཁྲོད་དུ་གུས་པ་དང་གུས་པའི་ལངས་ཕྱོགས་གཅིག་པའི་གྲོགས་པ་སྐོར་ཞིག་གིས་ཁྱེད་ཀྱི་འདྲ་པར་དང་བྱས་རྗེས་བཀོད་པའི་ཤོག་བྱང་སྦྱར་འགྲེམས་ཀྱི་ལས་གཞི་བརྩམས་ཏེ་འོས་འགྲན་གྱི་ལས་རིམ་ཁྲོད་ནས་ཁྱེད་ལ་རྒྱལ་ཁ་ཐོབ་པའི་རེ་སྒུག་བྱས་པ་ཡིན། ད་དུང་(ངའི་སེམས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ)ཞེས་པའི་ཆེད་རྩོམ་ཞིག་ཀྱང་སྤེལ་བ་ཡིན།
འདི་དག་ཐམས་ཅད་ཀྱི་དགོས་དམིགས་ནི་བོད་བསྟན་པ་དང་ཆབ་སྲིད་ཉག་ཕྲ་བའི་སྐབས་འདིར་གསར་གཏོད་རང་བཞིན་དང་ཁྲིམས་ལུགས་ཐབས་ཚུལ་གྱིས་བོད་གངས་ཅན་པ་འཇིགས་འཕྲང་འདི་ལས་སྒྲོལ་ཐབས་ཀྱི་རེ་བ་ཁོ་ན་ཡིན། ཁྱེད་ཀྱིས་བོད་གཞིས་བྱེས་མཉམ་འཛོམས་དང་༸གོང་ས་༸་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་ཐུབ་པའི་གདེང་སྤོབས་དང་སྙིང་སྟོབས་དེས་ང་ཚོར་མུ་མཐུད་མདུན་དུ་བསྐྱོད་དགོས་པའི་དྲན་སྐུལ་དང་སྤོབས་པ་བྱིན་བྱུང་། ཆོལ་ཁ་ཕྱོགས་རེ་བར་ཞེན་པའི་མཁྲེགས་འཛིན་དང་། དེང་རབས་སྤྱི་ཚོགས་ཀྱི་རྗེས་སུ་ལུས་པའི་སྲོལ་རྒྱུན་བསམ་བློ། རྒྱལ་སྤྱིའི་གནས་བབ་ཀྱི་ཤེས་ཚད་ཞར་བའི་མུན་ནག་མདུན་འགྲོས་ཀྱི་གོམ་སྟབས་བྲལ་བ་བཅས་ཀྱིས་གཞོན་སྐྱེས་ཚོའི་བློ་ཡིད་ཁྱེད་ཀྱི་ཕྱོགས་སུ་ཤོར་ཞིང་གར་འགྲོ་མ་ངེས་པའི་གངས་ཅན་པའི་འཐབ་རྩོད་ཀྱི་མཇུག་མཐུད་པ་ཁྱེད་ཉིད་ཁོ་ནར་འོས་པའི་གནས་ལུགས་རྙེད།
ཆབ་སྲིད་དྲིལ་བསྒྲགས་ཀྱི་སྐབས་དང་དུས་དག་ཏུ་མི་སེམས་འགུགས་པའི་ཁ་དབྱངས་སྙན་མོའི་ཕྱོགས་སུ་གཞོལ་བའི་ཚོར་སྣང་རེ་སྐབས་འགར་བྱུང་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཡིད་ཆེས་བློ་གཏད་ཀྱི་བྱ་སྤྱོད་དང་། བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་གོམས་སྲོལ་ཕ་དམ་པའི་ཁ་ཆེམས་གཙིགས་སུ་འཛིན་པའི་ལོ་རྒྱུས། རྒྱལ་སྤྱིའི་ཆེ་མཐོང་ཐོབ་པའི་འབུམ་རིམ་པའི་ཕྱག་འཁྱེར། ཆེས་མཐོའི་ཁྲིམས་རྩོད་པའི་ཕྱག་ཁྱེར་འོག་གི་ཊོ་ལ་གསོག་སྒྲུབ་ཀྱི་ལས་གཞི་དོར་ཏེ་བོད་མི་རིགས་ཀྱི་ཆེད་དུ་ཕྱག་ལས་གནང་བར་ཕེབས་པའི་ཁྱད་འཕགས་ཡོན་ཏན་གྱི་མཛེས་པ་དག་གིས་ཁྱེད་ཉིད་མངོན་པར་བསྟོད་ཅིང་ཁྱེད་ཉིད་གོང་དུ་བཏེགས།
དེ་ནི་ཁྱེད་ལ་གུས་ཤིང་བཀུར་བའི་བསམ་བློ་རྙེད་པའི་སྔོན་སོང་གི་བྱུང་བ་ཙམ་ཡིན། ད་ནི་ཁྱེད་ཀྱི་གསུང་བའི་དམ་བཅའ་དང་དགེ་མཚན་ལ་བལྟས་ནས་སྡོད་པའི་དུས་མ་ཡིན་པར་དངོས་སུ་ཕྱག་སྟར་གནང་བའི་དུས་ཡིན་པས་ང་དང་ང་འདྲ་བའི་ཁྱེད་ལ་ཡིད་སྨོན་དང་རྒྱབ་སྐྱོར་བྱེད་མཁན་གྱི་བོད་ཕྱི་ནང་གི་བོད་མི་དང་། བོད་དོན་རྒྱབ་སྐྱོར་བྱེད་མཁན་གྱི་མི་རིགས་འདྲ་མིན་ཁག ཁྱེད་ལ་སྐྱོན་བརྗོད་དང་ཉམས་མྱོང་མེད་པའི་བསམ་ཚུལ་འཛིན་མཁན་ཡོངས་ཀྱིས་ཁྱེད་ལ་རེ་བ་དང་མཐོང་ཆུང་གང་ཞིག་གིས་བལྟས་ཡོད།
ཁྱེད་ཀྱིས་བརྗེད་མི་ཉན་པ་ཞིག་ལ་ཁྱེད་ཉིད་བཞུགས་པའི་སྲིད་སྟེགས་དེ་བོད་མི་ས་ཡ་དྲུག་གིས་རེ་བའི་ཁ་བཏག་སྤུངས་པའི་མཆོད་སྟེགས་ཡིན་ཞིང་བོད་མི་རིགས་ཀྱི་འཆི་གསོན་ཐག་གཅོད་ཀྱི་གཡུལ་ས་ཞིག་ཀྱང་ཡིན་སྲིད། ད་དུང་བཙན་དབང་འོག་གི་གདོང་དམར་པའི་ཕོ་རྒོད་ཚོས་ཁྱེད་ལ་རེ་བའི་བློ་གཏད་ཅོལ་ཡོད་ལ། རྒྱལ་ཕྱི་ནང་གི་བོད་མི་ཡོད་དོ་ཅོག་གིས་ཁྱེད་ཀྱི་སྐུ་ཡོན་དང་། སྙིང་སྟོབས། ལྷག་བསམ་བཅས་ཀྱིས་བོད་མི་རིགས་ཀྱི་རེ་བའི་འོད་སྟོང་འཕྲོ་བའི་ངང་སྒུག་བྱས་ཡོད།
ད་ནི་ཁྱེད་ཀྱིས་སྙིང་སྟོབས་དང་། དམ་བཅའ་བརྟན་པོས་ཞུམ་པ་མེད་པར་མདུན་དུ་བགྲོད་པའི་དུས་ལ་བབས་ཟིན། ཁྱེད་ཀྱི་གཡས་གཡོན་ན་ཕྱོགས་ལྷུང་གིས་བཟི་བའི་ཆབ་སྲིད་པ་ཤོག་ཁག་ཅིག་ཡོད་སྲིད། ཆོལ་ཁའི་དམག་འཐབ་ལ་བྱང་བའི་འགོ་མཁྲེགས་ཚོ་སྐོར་ཞིག་ཡོད་སྲིད། སྒེར་འཛིན་འདུ་ཤེས་ཀྱི་བྲན་གཡོག་ཏུ་གྱུར་བའི་སྲིད་དོན་པའང་ཡོད་སྲིད།
འོན་ཀྱང་ཁྱེད་རང་དཔའ་ཞུམ་མི་རུང་། བདེན་པ་དང་། གནས་ལུགས། རྒྱུ་འབྲས་བཅས་ཀྱིས་ཁྱེད་ལ་ནམ་ཡང་རྒྱབ་སྐྱོར་དང་གཞོགས་འདེགས་བྱ་ངེས། ། བོད་རྒྱལ་ལོ།། བདེན་པ་རྒྱལ་ལོ།། གནས་ལུགས་རྒྱལ་ལོ།།
2011/8/8