མེ་ལྕེ་དེ་ངའི་སེམས་ན་འཁྱིལ་དུས།
ས་ནག་ཁྲག་གིས་ཚོས་པའི་གས་སྲུབས་ནས།།
མེས་པོའི་རྣམ་ཤེས་སྟོང་གི་ཕྱིར་མིག་ཁྲོད།།
མགོན་མེད་བོད་ཀྱི་ལས་དབང་མེར་སྤར་ནས།།
མུན་པའི་འཇིག་རྟེན་འོད་ཀྱིས་སྣང་བར་བྱས།།
ནོར་འཛིན་མ་ཡིས་ནམ་མཁའི་མཐའ་འགྲན་ནས།།
འཇིག་རྟེན་ཆགས་པའི་རྟེན་དུ་ཉལ་ན་ཡང་།།
རྩམ་པ་སྣོལ་ས་མེད་པའི་ཤོག་ཁ་འདི།།
མེ་ཕུང་ནང་གི་ན་ཟུག་ངོ་མ་ཡིན།།
མགོ་དང་ལག་པ་ཤ་དང་ཁྲག་གིས་གྲུབ།།
ཤ་དང་རུས་པ་ཚོར་བ་དམར་པོས་ཁྱབ།།
ཚོར་བའི་ཤེས་པ་མེ་རུ་སྦར་ཕོད་པའི།།
ཚེ་དབང་ནོར་བུ་སེམས་ཀྱི་དྲན་ཤིང་ཡིན།།
འབར་བྱེད་སྣུམ་མང་ཧུབ་ཀྱིས་རྔུམ་འཐུང་བྱས།།
རང་ལུས་ཡོད་ཚད་སྣུམ་གྱིས་ཁྱབ་པར་བྱས།།
ཙག་སྒྲའི་མེ་ལྕེ་རང་གི་ལུས་ལ་བཀྱེས།།
གདུང་བའི་ཤུགས་ཀྱི་མི་རིགས་བདེ་སྡུག་བོས།།
གྲི་ཆུང་སྙིང་ལ་བཙུགས་པའི་གོ་རིམ་ནང་།།
གཞན་གྱི་དབུགས་རྔ་གཅོད་པ་དཀའ་མིན་ཡང་།།
བདག་གཞན་བརྗེ་བ་ཞེས་པའི་སྤྲིན་གསེབ་ནས།།
རང་ལུས་མེ་ཡིས་བསྲེགས་པའི་གདམ་ཁ་བླངས།།
སྐུ་བསྟེན་སྲུང་མའི་ལུང་བསྟན་ནོར་རེད་དམ།།
ཉེ་གནས་བདག་པོས་གོ་ནོར་ཐེབས་སོང་རེད།།
མཐའ་མེད་ཆབ་སྲིད་གཅིག་བརྗེ་གཉིས་བརྗེའི་ཁྲོད།།
གཞིས་ཀྱི་མི་རྣམས་གཅིག་འཚིག་གཉིས་འཚིག་རེད།།
༢༠༡༡་༨་༢༡ ཉིན་རྒྱལ་གཅེས་པ་ཚེ་དབང་ནོར་བུའི་སྐུ་གཤེགས་སྟངས་དྲན་ཏེ་བྲིས།