བསྟན་འཛིན་སྒྲོན་མཛེས།
སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེ་ཤོས་རེད། བོད་གཞུང་དང༌། ཕ་མ་ཚོས་འགྲོ་སོང་མང་པོ་ཞིག་གཏོང་གི་ཡོད་པ་རེད། བོད་པའི་སློབ་མ་ཚོས་ཡིག་ཚད་སླེབས་གྲབས་མ་གཏོགས། དུས་རྒྱུན་སློབ་སྦྱོང་བྱེད་ཀྱི་མི་འདུག ངས་ནོར་འཁྲུལ་ཆེ་ཤོས་དེ་མཐོང་གི་འདུག དཔེར་ན། དཔེ་མཛོད་ཁང་དུ་འགྲོ་དུས་རྒྱ་གར་སློབ་མ་རྐྱང་རྐྱང་མ་གཏོགས་བོད་པའི་སློབ་མ་ཞེ་དྲག་དཀོན་པོ་རེད། སློབ་སྦྱོང་བྱས་ན་སོ་སོའི་རྐང་པའི་ཐོག་ཏུ་ལངས་ཐུབ་ཀྱི་རེད། དེ་བཞིན་གཞུང་ལ་ཞབས་ཞུ་བྱེད་རྒྱུ་ཚང་མ་ཡོང་གི་རེད། བོད་ཀྱི་རྩ་དོན་དང༌། རིག་གཞུང་ལ་དོ་སྣང་བྱེད་དགོས་པ་གལ་ཆེན་པོ་འདུག སོ་སོ་སློབ་གྲྭར་འགྲོ་བའི་སྐབས་བོད་ཡིག་མང་པོ་སྦྱངས་ཡོད་པ་དེ་ཚོ་གཡུག་མི་འཇོག་པར་དེབ་དེ་ཚོ་མཐོ་སློབ་ཏུ་ཁྱེར་ནས་མཚམས་མཚམས་སུ་ཀློག་དགོས་པ་རེད། བོད་ཡིག་མི་བརྗེད་རྒྱུ་ལ་ཕན་གྱི་རེད། བོད་ཀྱི་བང་ཆེན་གསར་ཤོག་དང༌། བོད་ཀྱི་དུས་བབ་སོགས་མངགས་ཉོ་བྱས་ན་བོད་ཡིག་ཡར་རྒྱས་གཏོང་རྒྱུར་ཕན་ཐོགས་ཡོང་གི་རེད། མཐོ་སློབ་གང་དུ་སོང་ན་ཡང་རིག་གཞུང་གི་ཉིན་མོ་ཡོད་པ་རེད། དེའི་ཉིན་རྒྱལ་ཁབ་གཞན་པ་མང་པོའི་སློབ་མ་ཡོད་པ་རེད། ཁོ་རང་ཚོས་སོ་སོའི་གྱོན་ཆས་གྱོན་གྱི་རེད་མོད། བོད་པའི་སློབ་མ་ཚོའི་ནང་ལ་བོད་ཆས་གྱོན་མཁན་ཡོད་པ་མ་རེད། གཅིག་གིས་གྱོན་ན་ཕོ་རོག་དཀར་པོ་འདྲ་ཆགས་རྒྱུའི་ཉེན་ཁ་མཐོང་ནས་ང་རང་ལོ་རིམ་དང་པོ་ཡིན་སྐབས་གྱོན་ཐུབ་མ་སོང༌། ད་ལྟ་ང་རང་སློབ་མ་རྙིང་པ་ཡིན་པས་གྲོགས་མོ་ཁ་ཤས་དང་གྲོས་བསྡུར་བྱས་ཏེ། སོ་སོའི་ཆས་གོས་དེ་མི་ལ་སྟོན་རྒྱུའི་ཆེད་དུ་ཕྱུ་པ་གྱོན་རྒྱུ་བྱས་པ་ཡིན། རྩ་དོན་ཟེར་དུས་ཡིན་གཅིག་མིན་གཉིས་སྐད་འབོད་རྒྱག་ཏུ་འགྲོ་དགོས་པ་མ་རེད་བསམ་གྱི་འདུག མཐོ་སློབ་ནང་དུ་མི་རིགས་མང་པོ་ཡོད་པ་རེད། བོད་ཀྱི་ལོ་རྒྱུས་དང༌། རྒྱ་ནག་གིས་བཙན་གནོན་བྱེད་སྟངས་སོགས་འགྲེལ་བརྗོད་ཡག་པོ་བྱེད་ཐུབ་ནའང་ཕན་གྱི་རེད།།
