འཇིག་རྟེན་ཞི་བདེའི་འདྲེན་མཆོག་སྐྱབས་མགོན་ཏཱ་ལའི་བླ་མ།
དེ་ནི་གཞན་མ་ཡིན་པར་འཇིག་རྟེན་འདིར་ཆེས་རླབས་ཆེན་གྱི་འདྲེན་མཆོག་ཅིག་སྟེ་༸གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཡིན། ཁོང་གི་བྱམས་བརྩེའི་ནུས་སྟོབས་ཀྱིས་བརྟས་ཞི་བདེའི་བཞད་འཛུམ་དང་ཀུན་སྙོམས་ཀྱི་མཛད་པ་དག་གིས་སྐྱེ་བོ་འབུམ་ཕྲག་མང་བོའི་ཡིད་ཀྱི་བརྟན་འཕྲོག་སྟེ་ཇི་ལྟར་པདྨའི་མཚོ་ལ་ངང་བ་བཞིན་འདུ་བཞིན་པ་ནི་ཨེ་མ་ངོ་མཚར་བའི་རྨད་བྱུང་གི་མཛད་བཟང་ཅིས་མ་ལགས།
ང་ཚོས་འདི་ལྟར་ཁོང་གི་ཆེས་ངོ་མཚར་ཆེ་ཞིང་འགྲོ་ཕན་གྱི་རང་བཞིན་ལྡན་པའི་མཛད་སྤྱོད་དག་ལ་ཡི་རང་དང་ལྷག་ཏུ་ཆེས་རིན་ཐང་ལྡན་པའི་ནོར་མཆོག་འདི་ཉིད་རྒྱུ་གང་ཞིག་ལས་བྱུང་བ་དང་། རྐྱེན་གང་གིས་བསྐྲུན་པ། ཚུལ་ཇི་ལྟར་བྱས་ནས་ལེགས་ཕྱོགས་སུ་སྤྱོད་པ་སོགས་ལ་བསམ་གཞིག་བྱས་ཏེ་ཁོང་གི་མཛད་རྣམ་བགྲང་བ་ཙམ་མིན་པར་རང་ཉིད་བཅོས་སྒྱུར་བཏང་སྟེ་མཛད་སྤྱོད་འདི་དག་གི་ཉེ་སར་བཅར་གང་ཐུབ་བྱ་རྒྱུ་ནི་ང་ཚོའི་རྗེས་དྲན་ཡག་ཤོས་ཡིན་ལ་བཀའ་དྲིན་མཚོན་བྱེད་ཀྱི་ལེགས་འབུལ་དངོས་མ་ཞིག་ཀྱང་ཡིན།
འཛམ་གླིང་ས་ཡི་དཀྱིལ་འཁོར་འདིར་སྤྱི་ཕན་གྱི་ཕྱག་ལས་གནང་བའི་དམ་པ་ཆེས་མང་པོ་ཞིག་བྱུང་མྱོང་ལ་འབྱུང་བཞིན་ཡོད་མོད་དེ་དག་ལ་མི་འདྲ་བའི་ཁྱད་པར་ཞིག་ཡོད་པ་ནི་གང་དུ་མཚར་ལོང་བྱུང་སའི་ཁོར་ཡུག་དང་། གང་དུ་སློབ་སྦྱོང་བྱ་སའི་ཤེས་རིགས་ཀྱི་ཁ་ཕྱོགས་ཀྱིས་ལྟ་ཚུལ་དང་བསམ་གཞིག་ལ་མི་འདྲ་བའི་ཁྱད་པར་སྣ་ཚོགས་བྱུང་བ་ཡིན། རིག་གཞུང་དང་སློབ་གསོའི་ཁ་ཕྱོགས་ནི་སྐྱེས་བུ་དམ་པའི་མཛད་སྤྱོད་ལེགས་ཉེས་ཀྱི་སྣེ་ཁྲིད་ངོ་མ་ཡིན། ང་ཚོས་འདི་ལྟར་ཁོང་རྣམ་པའི་མཛད་སྤྱོད་དང་བྱས་རྗེས་ལ་བལྟས་ནས་རིག་གཞུང་དང་སློབ་གསོའི་རིན་ཐང་ལ་ཚད་འཇལ་བྱེད་ནུས་ལ་རིག་གཞུང་དང་སློབ་གསོའི་རིན་ཐང་ནི་དེས་སྐྱེད་བསྲིང་བྱས་པའི་མི་བུའི་མཛེས་སྤྱོད་དག་ལ་ལྟ་དགོས་པ་སྨོས་མེད་རེད། ༸གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་བྱམས་བརྩེ་ལྡན་པའི་མ་ཡུམ་དམ་པ་ཞིག་གི་བྱམས་སྐྱོང་འོག་ཆེས་ཐོག་མའི་མཛེས་སྐུའི་ལང་ཚོ་རྒྱས་ཤིང་རང་ཉིད་གཅེས་འཛིན་སྡུག་བསྔལ་ཀུན་གྱི་སྒོར་བལྟ་ཞིང་མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞིར་མཐོང་བའི་བའི་སྐྱེས་ཆེན་དམ་པ་ཞིག་གི་སློབ་སྟོན་འོག་སྐུ་ཡོན་རྒྱས་འགོ་བརྩམས།
ཁོང་གིས་གསན་གསུམ་གནང་སའི་གཞུང་ལུགས་ནིསྟོང་ཉིད་སྙིང་རྗེའི་སྙིང་པོཅན་གྱི་རིག་པའི་གཞུང་ལུགས་ཏེ་མཉམ་མེད་ཤཱཀྱ་སེང་གེ་དང་དཔལ་ན་ལེནྡའི་མཁས་པས་མཛད་པའི་བསྟན་བཅོས་དག་དང་། བོད་གངས་ཅན་གྱི་ལྗོངས་ཀྱི་ས་དགེ་བཀའ་རྙིང་རེས་སུ་མ་ཆད་པའི་གསུང་རབ་དག་ཡིན། གཞུང་ལུགས་འདི་དག་ལ་གསན་གསུམ་ཉམས་གཞེས་ཀྱི་གོ་རིམ་ཁྲོད་ནས་ཁོང་གི་ཡང་དག་པའི་འཚོལ་སྙེག་ལ་སྟོབས་ཤུགས་རྒྱས་ཏེ་འཇིག་རྟེན་ཀུན་ཀྱིས་མངོན་པར་བཀུར་བའི་སྐྱེས་ཆེན་དམ་པའི་ཁྲི་འཕང་ལ་འཛེགས་འགོ་བརྩམས་ཤིང་། མདོར་ན་ཇི་སྲིད་ནམ་མཁའ་གནས་བ་དང་། །འགྲོ་བ་ཇི་སྲིད་གནས་བ་དེ་སྲིད་དུ། །བདག་ཀྱང་གནས་ཏེ་དངོས་དང་བརྒྱུད་པ་ཡི། །ཕན་བདེའི་བྱེད་པོ་ཉིད་དུ་འགྱུར་བར་ཤོག །ཅེས་པའི་མཆོག་གྱུར་གྱི་སྙིང་སྟོབས་དང་ཐུགས་སྨོན་ཀྱི་ཀློང་ནས་ཞི་བདེའི་འདྲེན་མཆོག་གི་མཚན་སྙན་བཞེས་ཏེ་འཇིག་རྟེན་འདིར་ངོ་མཚར་བའི་མཛད་བཟང་གི་ཉི་འོད་སྤྲོས་ཏེ་གངས་ཅན་པའི་གཟི་བརྗིད་ལ་མཆོག་གྱུར་ཀྱི་མཛེས་མཚོན་སྤྲས། ཁོང་གིས་འཇིག་རྟེན་ཞི་བདེར་བཀོད་ཅིང་སྤྱི་ཚོགས་དང་ཆོས་ལུགས་འཆམ་མཐུན་གྱི་ཕྱོགས་སུ་རླབས་ཆེ་བའི་བྱས་རྗེས་བཞག་སྟེ་ཀུན་ཀྱི་བླ་ན་མངོན་པར་མཐོ་བའི་སྙན་གྲགས་ཀྱི་འདབ་སྟོང་རྒྱས་པའི་བྱེད་པོ་ནི་ཁོང་གི་ཐུགས་རྒྱུད་ཀྱི་བྱམས་བརྩེ་དང་། བདག་གཞན་མཉམ་པར་ལྟ་བའི་སེམས་བསྐྱེད། དགྲ་གཉེན་ཀུན་སྙོམས་སུ་ལྟ་བའི་སྙིང་རྗེ་སོགས་ཀྱི་བྱེད་ལས་ཡིན་པར་འདུག་སྟེ་ཁོང་གིས་སྙན་གྲགས་ཆེ་བའི་འཛམ་གླིང་ཞི་བདེའི་གཟེངས་རྟགས་དང་ཨ་རིའི་གསེར་གྱི་རྟགས་མའི་བྱ་དགའ་བཞེས་སྐབས་འདི་དག་འབུལ་བ་བོ་རྣམས་གྱེས་ཁོང་ལ་གདེང་འཇོག་བྱེད་པའི་བརྗོད་ཚིག་དག་ལས་དཔག་ཐུབ།
དེ་ཡང་ནོ་བེར་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་ནང་། རང་གི་རྒྱལ་ཁབ་ཕྱི་རོལ་གྱི་དབང་ཤུགས་འོག་ཚུད་ནས་བོད་མི་རྣམས་བཀའ་སྡུག་ཇི་ལྟར་མྱུང་པར་བསམ་བཞིགས་བྱས་ན། འཚེ་བ་སྤངས་པའི་ཐབས་བྱུས་འཛིན་པ་ནི་དེ་བས་ངོ་མཚར་ཆེ་བ་ཞིག་ཡིན་ཞེས་༸གོང་ས་ཆེན་པོའི་ཐུགས་ཀྱི་བྱམས་བརྩེ་དང་བཟོད་པའི་ཉམས་བཞེས་ལས་བྱུང་བའི་འཚེ་བ་སྤངས་བའི་ཡང་དག་པའི་ཐབས་བྱུས་དེར་ངོ་མཚར་སྐྱེས་ཤིང་བསྔགས་བརྗོད་ཀྱི་དབྱངས་སྙན་འཁྲོལ་ཡོད། ང་ཚོས་ཁ་ནང་དུ་ཕྱོགས་ཏེ་བསམ་གཞིགས་རྣལ་མ་ཞིག་བྱས་ན་ཁོང་གི་རླབས་ཆེ་བའི་མཛད་འཕྲིན་གྱི་འོད་སྣང་ཧི་མ་ལ་བརྒལ་ཏེ་མུ་མཐའ་བྲལ་བའི་རྒྱ་མཚོ་ཆེན་པོའི་མཐའ་དབུས་ཀུན་ཏུ་ཁྱབ་པ་དེ་ནི་མཐར་གཏུགས་ན་ཁོང་གི་བྱམས་བརྩེའི་གཟི་བྱིན་དང་བཟོད་པའི་ཉམས་བཞེས་ཀྱིས་བསྐྲུན་འདུག་ལ་དེ་ནི་ནང་བསྟན་ཆོས་ལུགས་ཀྱི་དགོངས་དོན་དང་སྙིང་པོ་ངོ་མ་དེ་རེད།
ཨ་རིའི་གྲོས་ཚོགས་ཀྱིས་གསེར་གྱི་རྟགས་མ་འབུལ་བཞེས་ཀྱི་མཛད་སྒོར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་Tom lantos ལགས་ཀྱི་གསུང་བཤད་ནང་། འཛམ་གླིང་གི་ལོ་རྒྱུས་ནང་མིའི་བཟང་སྤྱོད་ཀྱིས་ཕོངས་བར་བརྟེན་ནས་ཅི་བྱ་གཏོར་བྲལ་གྱི་དུས་སྐབས་སུ་ནང་བའི་དགེ་སློང་དཀྱུས་མའི་རྟུལ་ཞུགས་ཅན་གྱི་སྐྱེས་བུ་འདི་མཛད་མཐའ་མེད་པའི་བཟང་སྤྱོད་ཟིལ་ཤུགས་ཀྱི་འབྱུང་ཁུངས་སུ་གྱུར་བ་དང་། དེ་ནི་སྐྱེས་མཆོག་འདི་གོ་ལ་ཧྲིལ་པོའི་མི་མང་ཁྱོན་ཡོངས་ནས་གུས་བརྩི་དང་། ཡིད་སྨོན། དགའ་ཞེན་བཅས་བྱེད་པའི་རྒྱུ་རྐྱེན་ངོ་མ་དེ་ཡིན་ཞེས་རང་ལས་གཞན་གཅེས་ཀྱི་བསམ་བློའི་ཀུན་སྤྱོད་དང་། འགྲོ་བ་སྤྱི་ལ་སྙོམས་པའི་བྱམས་བརྩེའི་བཟང་སྤྱོད། ཐམས་ཅད་བདེ་བ་འདོད་ཀྱང་སྡུག་བསྔལ་མི་འདོད་པའི་གཞི་རྩའི་བསམ་བློ་མཉམ་གནས་ཀྱི་ཆོས་ཉིད་ལ་གཞི་བཅོལ་བའི་བཟང་སྤྱོད་དག་ནི་གོ་ལ་ཧྲིལ་བོའི་ཁྱོན་ཡོངས་ཀྱི་མི་མང་གིས་གུས་བརྩི་དང་། གདེང་འཇོག་བྱེད་པའི་རྒྱུ་རྐྱེན་ངོ་མར་མཐོང་ཞིང་རྒྱུ་རྐྱེན་འདི་དག་༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་མཛད་འཕྲིན་ལེགས་ཕྱོགས་སུ་སྒྱུར་བའི་བྱེད་པོར་སྤོབས་པ་ཆེན་པོས་བསྒྲགས་ཡོད། ནོར་བེལ་ཞི་བདེའི་དེད་དཔོན་སྐུ་ཞབས་ཨེ་ལི་ཝི་སལ་ལགས་ཀྱིས་༧གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་འབུལ་བའི་མཛད་སྒོར་གནང་བའི་གསུང་བཤད་ནང་ཏཱ་ལའི་བླ་མ་མཆོག་ནི་འཚེ་མེད་ཞི་བ་དང་། གཞན་ཕན་ལྷག་བསམ་གྱི་བློ་གྲོས་ཡངས་པའི་དགོངས་པ་མཐའ་དག་རྒྱལ་མཚམས་ལས་ཡོངས་སུ་བརྒལ་ཏེ་འཛམ་གླིང་ཁྱོན་ཡོངས་སུ་བྱམས་བརྩེ་གཞན་ཕན་དང་།
ལྷག་བསམ་གྱི་ལམ་སྟོན་པ་རླབས་ཆེན་ཞིག་ཏུ་གྱུར་ཡོད་ཅེས་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་nancy pelost སྐབས་དེའི་མཛད་སྒོར་གནང་བའི་གསུང་བཤད་ནང་དེ་རིང་ཨ་རིའི་ཀྱི་གསེར་གྱི་རྟགས་མ་འདི་དང་མཉམ་དུ་ང་ཚོས་བོད་མི་མང་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་གང་ཉིད་ཀྱིས་སྐུ་ངལ་ལྷུར་བཞེས་ཀྱིས་ཞི་བདེ་དང་། འཚེ་བ་མེད་པ། འགྲོ་བ་མའི་ཐོབ་ཐང་། ཆོས་ལུགས་ཀྱི་གོ་རྟོགས་གོང་སྤེལ་བཅས་པའི་ཐོག་ཁྱད་དུ་འཕགས་པའི་མཛད་རྗེས་འཇོག་གནང་མཛད་པར་གཟེངས་བསྟོད་ཞུ་ཡི་ཡོད་ཅེས་དང་། སྐུ་ཉིད་ནི་འཛམ་གླིང་འདིའི་ཐོག་རྣམ་དཔྱོད་ཐད་དོ་ཟླ་མེད་པའི་སྐྱེས་མཆོག་ཅིག་ཡིན་ཞེས་༸གོང་ས་མཆོག་གི་ཐུགས་རྒྱུད་ཀྱི་བྱམས་སྙིང་རྗེ་དང་འཚེ་བ་མེད་པའི་ལྟ་གྲུབ་ཀྱི་དགེ་མཚན་ངོས་ནས་ཆེད་བསྟོད་ཞུས་ཤིང་མཆོག་གྱུར་གྱི་ལེགས་བྱས་འདི་དག་གིས་འཛམ་གླིང་འདིའི་ཐོག་རྣམ་དཔྱོད་ཐད་དོ་ཟླ་མེད་པའི་སྐྱེས་མཆོག་དམ་པ་ཞིག་ཏུ་ངོས་འཛིན་བྱས་འདུག།། ང་ཚོས་འཇིག་རྟེན་ཐུན་མོངས་འམ་སྤྱི་ཚོགས་ལྟ་ཚུལ་གྱི་ངོས་ནས་བལྟས་ན་བོད་ཀྱི་གྲོང་གསེབ་ཆུང་ཆུང་ཞིག་ནས་སྐྱེས་ཤིང་སློབ་གྲྭ་ཆེ་ཆུང་གི་སྒོ་ཐེམ་བརྒལ་མ་མྱོང་བའི་གྲྭ་རྐྱང་དཀྱུས་མ་ཞིག་འཛམ་གླིང་ཧྲིལ་བོའི་མི་མང་དང་། ཤེས་ལྡན་པ། མཁས་དབང་། ཆབ་སྲིད་པ། ཆེས་མཐོའི་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན་སོགས་ཀྱིས་ཆེ་བསྟོད་དང་གུས་བརྩི་འདི་ལྟར་ཐོབ་པ་ནི་བློ་ཡུལ་ལས་འདས་པའི་ངོ་མཚར་བརྗོད་འདས་ཀྱི་གཏམ་རྒྱུད་སྙན་འཇེབས་ལྡན་པ་ཞིག་ཅིས་མ་ཡིན།
རིན་ཆེན་གསེར་གྱི་རིན་ཐང་ལ་འགྲན་སློང་བའི་རྣམ་པར་དཔྱོད་པའི་སྤྱན་རས་དང་བྲལ་ཞིང་རྨོངས་དད་ཀྱི་བུ་ཆུང་སེམས་ཀྱི་རྒྱབ་རྟེན་དུ་བཅོལ་མཁན་ཚོས་དེ་ནི་ལྷ་དང་བླ་མའི་བྱིན་མཐུ་འམ་འཇིག་རྟེན་ཕ་རོལ་གྱི་ལྐོག་གྱུར་དངོས་པོའི་གཤིས་ལུགས་སྣ་ཚོགས་ལ་འགྲེལ་ངེས་ཀྱང་དོན་དམ་པའི་ལེགས་ཚོགས་འདི་དག་གི་འབྱུང་ཁུངས་ནི་མི་ལོ་ཉིས་སྟོང་གི་ཡར་སྔོན་ནས་རྣམ་འདྲེན་བཞི་བ་མཉམ་མེད་ཤཱཀྱ་སེང་གེ་དེ་ཉིད་ཀྱིས་སྲོལ་གཏོད་གནང་ཞིང་རྣམ་དཔྱོད་དང་ཐུགས་སྟོབས་ཕུལ་དུ་བྱུང་བའི་དཔལ་ན་ལེནྡའི་མཁས་མཆོག་ཚོས་གསལ་ཁ་མཛད་པའི་ནང་བསྟན་ལྟ་གྲུབ་ཀྱི་བྱིན་མཐུ་ཁོ་ན་ཡིན། ཁོང་གིས་ནང་བསྟན་གཞུང་ལུགས་ཀྱི་དགོངས་དོན་ཉམས་བཞེས་གནང་བའི་བརྒྱུད་རིམས་ཁྲོད་ཐུགས་ཀྱི་ཞི་བདེ་དང་། གུ་ཡང་། བཟོད་སྲན་སོགས་ཀྱིས་ཉམས་ཐག་པའི་མི་མང་དང་། དབང་དྲེགས་ཆེ་བའི་གཙོ་འཛིན་པ་སོགས་ལ་ངོ་མཚར་བའི་བདེ་སྐྱིད་དང་དགའ་སྣང་བསྐྲུན་པ་མ་ཟད་རྙོག་འཛིང་ཆེ་བའི་ཆབ་སྲིད་ཀྱི་ཛ་དྲག་པའི་གནད་འགག་སྐབས་སུ་ཡང་སྟོབས་ཤུགས་བསྩལ་ཏེ་ཁོང་གི་དཀའ་ཚགས་ཆེ་བའི་བགྲོད་ལམ་ལ་ལྷོད་དལ་དང་བག་ཡངས་ཀྱི་སྤྲོ་སྣང་བྱིན་ཡོད་ཅེས་ཁོང་ཉིད་ཀྱིས་ཡང་ཡང་གསུང་ཡོད།
དེ་ཡང་ཁོང་གིས་གསུང་རྩོམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ལས་བོད་ཀྱི་བླ་ཆེན་རྣམ་པའི་གམ་ནས་གསན་གསམ་སློབ་གཉེར་ཚགས་ཚུད་བྱས་བ་དེས་ཆབ་སྲིད་དང་ལས་དོན་གཞན་གྱི་ལག་ལེན་ངོ་མའི་ཐོག་ཕན་ཐོགས་ཆེན་པོ་བྱུང་ཞེས་ཁོང་གི་སྐུའི་ཉམས་བཞེས་ཀྱི་དགེ་མཚན་སྐོར་ལ་གསལ་ཁ་གནང་འདུག དཀའ་ཚགས་དང་ཛ་དྲག་པའི་གཉན་ཕྲེང་གི་དུས་སྐབས་འདིར་དམགས་དོན་དང་། ཚན་རིག དཔལ་འབྱོར་སོགས་འཇིག་རྟེན་ལུགས་ཀྱི་དགོས་ངེས་ཀྱི་ཆ་རྐྱེན་གང་མེད་པའི་བོད་གངས་ཅན་པའི་རིགས་རྒྱུད་ཚོ་སྐྱབས་མེད་མགོན་མེད་དུ་མ་ལུས་པར་ཆེས་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་སྟེ་ཨ་རི་དང་ཕ་རིན་སུ་སོགས་རྒྱལ་ཁབ་དང་ཚོགས་སྡེ་འདྲ་མིན་གྱི་ཆེས་མཐོའི་དབུ་ཁྲིད་རྣམས་ཀྱིས་རྒྱབ་སྐྱོར་དང་བརྩི་མཐོང་ཐོབ་པ་ཡང་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་བྱས་པ་ཞིག་ཡིན་ཡང་རྒྱུ་རྐྱེན་གཙོ་བོ་ནི་ང་ཚོའི་ཡང་དག་པའི་རིག་གཞུང་གི་དགེ་མཚན་མཐོང་ཞིང་དེ་ཉིད་གོ་ལ་ཧྲིལ་བོའི་མི་མང་སྤྱི་ལ་ཕན་པའི་རང་བཞིན་ཅན་དུ་མཐོང་ཏེ་སྤྱི་ཕན་གྱི་རིག་གཞུང་ཡང་དག་པ་འདི་འཛམ་གླིང་འདིའི་ཐོག་ནས་ཡལ་བར་དོགས་པའི་སྡངས་སྐྲག་དང་ཕངས་སེམས་ཀྱིས་འགུལ་སྤྱོད་བྱེད་བཞིན་པ་ཁོང་ཚོས་གནང་པའི་གསུང་བཤད་དག་ལས་རྟོགས་ཐུབ།
དུས་རྟག་ཏུ་ལྡོག་ཕྱོགས་ནས་སློབ་སྟོན་བྱ་སའི་བོད་ནང་གི་སློབ་ཕྲུག་གམ་ཤེས་ཡོན་ཅན་ཞིག་ལ་མཚོན་ན་ཕྱིའི་རྒྱལ་ཁབ་ཁག་ཏུ་བྱུང་བའི་གནས་ཚུལ་དངོས་ཡོད་དག་མ་ཤེས་པའི་ཐོག་ཏུ་རང་གི་རིག་གཞུང་གིས་དགེ་མཚན་ཅི་ཡང་མ་རྟོགས་པར་གཞན་གྱི་སློབ་སྟོན་ལ་ཡིད་ཆེས་བྱས་རྐྱེན་ནང་བསྟན་དང་བོད་རང་གི་རིག་གཞུང་ལ་རྒོལ་བ་ཁག་མེད་པའི་ཚོད་དུ་སྣང་མོད། རང་དབང་ཅན་གྱི་རྒྱལ་ཁབ་ཁག་ཏུ་བཞུགས་པའི་ང་ཚོ་བོད་གངས་ཅན་གྱི་གཞོན་ནུ་ཤེས་ཡོན་ཅན་ཕྱོགས་ངོས་གཅིག་ཁོ་ནར་འཐམ་ནས་འཕགས་ཚགས་རྒྱག་མཁན་ཚོས་གོང་དུ་བརྗོད་པའི་གནས་ལུགས་དག་ལ་ཞིབ་དཔྱོད་བྱས་ཏེ་བདེན་པའི་གནས་ལུགས་ཀྱི་ལྡོག་ཕྱོགས་ནས་མཆོང་འཚམས་བཞག་འོོས་པར་སེམས་ལ་རྩོམ་ཡིག་འདི་འབྲི་བའི་ཀུན་སློང་ཡང་ང་ཚོའི་རིག་གཞུང་གི་དགེ་མཚན་དངོས་ཡོད་རྣམས་ཤེས་རྟོགས་ཅུང་ཟད་ཡོང་བའི་ཆེད་ཙམ་མོ། །