ཚོན་ཁྲ་ཅན་དང་མེ་ཏོག་ཀུནྡས་རྒྱ་ནག་ལ་འཇིགས་སྐུལ་བྱས་སོང་།
དེང་སྐབས་ཨཱ་རབ་ཀྱི་འཛམ་གླིང་ཞེས་འབོད་པའི་ཁ་ཆེའི་རྒྱལ་ཁབ་ཁག་ནང་མི་མང་ལ་རང་དབང་དང་མང་གཙོ་ལམ་ལུགས་དགོས་པ་དང། ཆབ་སྲིད་ཀྱི་དབང་ཆ་དགོས་པ། བུད་མེད་ལ་ཐོབ་ཐང་དགོས་པ། རྩ་ཁྲིམས་དང་བཅའ་ཁྲིམས་རྣམས། དོད་མའི་ཁ་ཆེའི་ཆོས་ཁྲིམས་དང་ལོགས་སུ་དགོས་པ། སྐྱེས་པ་བརྩི་ཆེན་འཛིན་པ་དང་བུད་མེད་འཁོར་གཡོག་འཛིན་པའི་ཁྲིམས་ལུགས་མེད་པ་བཟོ་དགོས་པ་སོགས་དགོས་འདོན་བཏོན་ནས་མི་མང་གིས་གྱེན་ལངས་བྱེད་འགོ་བཙུགས་ནས་ད་ལྟའི་སྐབས་འགྲོ་བཞིན་པ་རེད།
རྒྱ་ནག་གི་དྲ་ལམ་ཁག་ཏུ་གསང་བའི་ཐོག་ནས་མེ་ཏོག་ཀུནྡ་གསར་བརྗེ་ཞེས་པའི་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པས། གཞུང་གིས་དྲ་ལམ་ཡོངས་རྫོགས་བཀག་བསྡོམས་བྱས་དགོས་བྱུང་ཡོད་པ་རེད། ད་ལྟའི་སྐབས་ལཱི་བྷི་ཡ་: Libya རྒྱལ་ཁབ་ཧ་ལམ་མང་གཙོའི་རྒྱལ་ཁབ་ཆགས་ལ་ཉེ་བ་མ་ཚད། བར་བརྒལ་སྲིད་གཞུང་གིས་འོས་བསྡུའི་ལས་རིམ་སོགས་ལོ་གྲངས་འགའི་ནང་ཚུད་གྲུབ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་སོང། དེ་བཞིན་དུ་མི་མང་གིས་རང་དབང་གི་ཆེད་ཞི་བའི་གྱེན་ལངས་བྱས་པ་རེད། ཉིན་གྲངས་འགའི་སྔོན་ནས་འགོ་བཙུགས་ཏེ་ད་ལྟ་འགྲོ་བཞིན་པ་ནི། ཁ་སང་ནས་འགོ་བཙུགས་ནས་སཱི་རཱི་ཡ་ Syria རྒྱལ་ཁབ་ཀྱི་མི་མང་གིས་ཆབ་སྲིད་ཀྱི་རང་དབང་དགོས། མི་མང་ལ་རང་དབང་དགོས་ཞེས་འབོད་ནས་མི་ཁྲི་ཚོ་མང་པོ་སྲང་ལམ་ཁག་ཏུ་དོན་ནས་གཞུང་ལ་ངོ་རྒོལ་བྱེད་བཙུགས་སོང། དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱབ་བསྒྲགས་ནང། ལོ་འདིའི་ཟླ་གསུམ་པ་ནས་སཱི་རཱི་ཡའི་མི་མང་གྱེན་ལངས་༢༢༠༠ རྐྱེན་ལངས་སོང་ཡོད་པ་དང། གཞུང་གིས་འདིའི་ཐད་ལ་ལན་འདེབས་དགོས་ཞེས་བཀོད་འདུག
སྤྱིར་གཞུང་འགོ་རྟིང་སློག་རྒྱུ་དེ་ལས་ སླ་པོ་ཞིག་མ་རེད་ལ་སློག་ཚར་པའི་རྗེས་སུ་ཉན་ཁ་དེ་ལས་ཀྱང་ཆེ་བ་ཞིག་འཕྲད་སྲིད་པ་རེད། ཡིན་ནའང་གཞུང་དེ་མི་མང་གི་ཆེད་དུ་ཡིན་པ་དང་མི་མང་གི་འདོད་བློ་མ་ཚིམས་ནས་ གཞུང་ལ་དགོས་འདུན་བཏོན་པའི་སྐབས། གཞུང་གི་ངོས་ནས་དང་ལེན་བྱེད་རྒྱུ་དེའང་གནད་འགག་ཅིག་ཆགས་ཡོད། མང་གཙོའི་ངོས་ན་གཞུང་གིས་ཕྱིར་འཐེན་བྱས་ན་དེ་ལ་འཚམས་པའི་འཛིན་སྐྱོང་སོགས་ ཀྱི་གྲ་སྒྲིག་དགོས་རྒྱུ་ནི། ལུང་པ་སིལ་བུར་མི་འགྲོ་བའི་གལ་གནད་ཆེ་ཤོས་དེ་ཆགས་ཡོད། ཆབ་སྲིད་དཔྱད་བརྗོད་པ་དང་མཁས་དབང་ཚོས། འཛམ་གླིང་འདིའི་ཐོག་འགྲོ་བཞིན་པའི་འཇིགས་སྐུལ་རིང་ལུགས་པའི་ལེའུ་མགྱོགས་པོ་ མཇུག་རྫོགས་ངེས་ཡིན་པ་དང། དེ་ནས་༢༠༡༡ དང་༢༠༡༢ ནི་ཁ་ཆེའི་རྒྱལ་ཁབ་ཚོ་མང་གཙོ་ཅན་དུ་འགྱུར་བའི་ལོ་རབས་ཀྱི་འགོ་འཛུགས་ཀྱི་ རེད་ཅེས། སྔོན་དུས་བཤད་པ་དེ་ཕལ་ཆེར་བདེན་ཚོད་ཆེ་བ་འདུག ཨཱ་རབ་ཀྱི་འཛམ་གླིང་ནས་མང་གཙོའི་རླུང་བུ་ལྡང་འགོ་བཙུགས་པ་འདི་ཁྱབ་ཆེ་རུ་ སོང་ནས། རིམ་གྱིས་རྒྱ་ནག་གི་ས་ཁུལ་ཁག་ལ་ལྡང་ངེས་ཡིན་པས་དེ་དོན་བོད་མི་ཚོའི་སེམས་ནང་གྲ་སྒྲིག་ཡོད་པ་དགོས།