མཁན་ཆེན་གྲུབ་དབང་ལུང་རྟོགས་རིན་པོ་ཆེ་རྗེས་སུ་དྲན་པ།

བསྟན་སྲིད་གཤེད་མ་དམར་པོ་ཐད་གར་ལངས་སྐབས།།

སྙིང་སྟོབས་བརྒྱ་ཕྲག་དུས་མིའི་གོ་ཆ་བགོས་ཏེ།།

བོད་བརྒྱུད་ནང་བསྟན་ཆེན་མོ་སླར་གསོ་བྱས་ཏེ།།

བསྟན་པའི་སྒྲོན་མེ་སྤར་བའི་མཛད་བཟང་དྲན་ནོ།།

ཕ་གཅིག་འཇིགས་མེད་རྒྱལ་པོའི་ཐུགས་ཀྱི་བུ་ཆེན།།

རྟོག་པའི་གཤོག་རྩལ་རྒྱས་པའི་སྔ་འགྱུར་གདོང་སྲས།།

བསྟན་པའི་མཛད་བཟང་སྐྱོང་བའི་སྐྱེ་མཆོག་དམ་པ།།

ཞིང་ཁམས་གཞན་ལ་གཤེགས་པའི་སེམས་འདི་སྐྱོ་བ།།

ཉེ་བརྒྱུད་བྱིན་རླབས་རྩལ་ཁ་ལྷག་པར་རྣོ་བའི།།

བདེན་ཞེན་ཐོལ་གྱིས་གཏོར་བའི་སྐྱེ་མཆོག་དམ་པ།།

ཆོས་བརྒྱད་ན་བུན་སྟུག་པོ་ཕ་མཐར་གཡུགས་ཏེ།།

ཡ་ཆེན་ཆོས་སྒར་བཞག་ནས་གང་དུ་ཕེབས་སོང་།།

འདི་སྣང་ཞེན་ཆགས་བྲལ་བའི་མི་ལས་བརྒྱུད་འཛིན།།

ལྟ་བའི་གཤོག་རྩལ་རྒྱས་པའི་ཀློང་ཆེན་གདོང་རྒྱུད།།

སྒོམ་པའི་གདེང་ཆེན་རྙེད་པའི་མི་ཕམ་ཟླ་བོ།།

བདེ་ལྡན་དག་པའི་ཞིང་ལ་ཕེབས་པ་ཅི་ཡིན།།

ལྷག་རླུང་དྲག་ཏུ་ལྡང་བའི་བྱང་མཐའ་འདི་ནས།།

སེམས་ཁམས་འཁྱག་གི་བསྡམས་པའི་སྐྱོ་གདུང་རེ་རེ།།

དམར་ཆུང་དཀྱིལ་ན་ལྡང་བའི་འཕག་འཚག་རེ་རེ།།

མ་བཅོས་སྙིང་ན་རྒྱུ་བའི་སེམས་འདི་གྲང་བ།།

སེམས་ཀྱི་སྐྱོ་གདུང་འཕྱུར་བའི་སྙིང་རླུང་དམར་པོ།།

བུ་སྡུག་སྨྱོན་པའི་གཟིར་བའི་ལོ་རྒྱུས་ནག་པོ།།

ས་མཐར་འཁྱམ་པའི་བུ་སློབ་ང་དང་ང་འདྲ།།

ཐུགས་ཆེན་བརྩེ་བའི་མ་འདོར་རྒྱང་རིང་ཉི་མ།།

ཡ་ཆེན་ཆོས་གྲྭ་ཆེན་མོའི་སློབ་ཚོགས་རྒྱ་མཚོས།།

གདུང་སེམས་རྔམ་ཁའི་ཀློང་ན་དྲན་གདུང་དམར་པོ།།

ཉིན་མཚན་བར་མེད་གྱེར་བའི་ལོ་ཟླ་ནག་པོ།།

བྲང་གཞུང་བར་ན་བཞུར་བའི་སྐྱོ་གདུང་གྲངས་མེད།།

ངེས་དོན་བསྟན་པའི་བདག་པོ་གྲུབ་དབང་ལོང་རྟོག།

འོད་གསལ་ཐེག་དགུའི་བདག་པོ་ཀློང་ཆེན་གཉིས་པ།།

སྙིགས་དུས་བསྟན་པའི་བདག་པོ་མཚོ་འཁྲུངས་རྒྱལ་ཚབ།།

མཁའ་སྤྱོད་མཁའ་འགྲོའི་ཞིང་ལ་ཕེབས་པ་སྔ་དྲག།།

སྔ་འགྱུར་བསྟན་པའི་གསལ་བྱེད་གྲུབ་དབང་ལོང་རྟོག།

ཉེ་ལམ་འོད་གསལ་ཐེག་དགུའི་ཤིང་རྟ་ཆེན་མོ།།

རིག་འཛིན་ཀློང་གསལ་སྙིང་པོའི་ཡང་སྲིད་མ་ནོར།།

ཞི་བའི་དབྱིངས་ལ་གཟིམས་པའི་སེམས་འདི་སྐྱོ་བ།།

བསྟན་འཛིན་སྟོང་གི་ཐུགས་སྲས་ཕ་གཅིག་འཇིགས་མེད།།

ངེས་དོན་སྐྱེ་བུ་དམ་པ་གྲུབ་དབང་ལོང་རྟོག།

གདོད་མིའི་ཕ་ཁྱིམ་དཀར་པོ་ཤུལ་དུ་བཞག་ནས།།

ཉི་ཟླ་དུས་གཅིག་ཡལ་བའི་ནག་ཟླ་འདི་རེད།།

མཛད་དཀའི་བཀའ་དྲན་དཀར་པོ་སེམས་ལ་འཁྱིལ་སྐབས།།

སྐྱོ་བའི་སྣང་ཤེས་གསོན་པོ་ལྷག་ཏུ་ལྡང་སྐབས།།

རྗེས་དྲན་སེམས་ཀྱི་མཚོ་མོ་བར་མེད་སྐྱོམ་སྐབས།།

ཡའ་འདབ་སོར་མོའི་རྩེ་ནས་ཐོལ་གྱིས་ཤོར་སོང་།།

ཕ་ཡུལ་གསེར་ལྡན་ཀླུང་ནས་ལང་ཚོ་འབུས་པའི།།

གཞན་ཡུལ་ས་མཐའ་ཞིག་ནས་བག་ཡངས་རྒྱུ་བའི།།

གྲུབ་དབང་ལུང་རྟོག་དྲན་པའི་རྟོག་འགྱུ་དམར་པོ།།

གསེར་སྨྱོན་བུ་ངས་ཀང་ར་རྫོང་ནས་བྲིས་སོ།།

ཕ་ཡུལ་གྱི་རི་ཆུ་ལ་བརྩེ་དུངས་ཀྱི་སེམས་དྲོད་ལྷག་པར་ཆེ་བའི་གསེར་རྟ་པ་

བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོས་སྲས་སུ་འབོད་པས་བོད་ཀྱི་རྒྱལ་ས་གཉིས་པ་བཞུགས་སྒར་རྡ་རམ་ས་ནས་སྐྱོ་གདུང་གི་སྣང་ཤེས་གསོན་པོ་ཞིག་བར་མེད་དྲན་ངོགས་ན་རྒྱུ་སྐབས་རང་ཤག་བསིལ་རླུང་རྒྱུ་སའི་རབ་གསལ་འགྲམ་ནས་སུག་བྲིས་བགྱིས་སོ།། ༢༠༠༡༡ ༩ ༩༩