སེམས།

གཟུགས་དང་མཐོང་ཡུལ་ལས་འདས་པའི་སེམས་པ་བྱ་དངོས་ཡོད་ཚད་ལ་འབྱམས་ཀྱང་ཡ་མཚན་དང་དོ་སྣང་བྱེད་མཁན་ཕལ་ཆེར་མི་འདུག འཇིག་རྟེན་འདིར་ཆེས་དབང་ཤུགས་ལྡན་པའི་བྱེད་པོ་ནི་སེམས་པ་འདི་ཉིད་ཡིན་ཀྱང་སེམས་པའི་རང་གཤིས་རྒྱུས་ལོན་བྱེད་མཁན་ཕལ་ཆེར་འཇིག་རྟེན་འདི་ནས་ཡལ་ཟིན་པ་འདྲ།

སེམས་ཀྱི་ཉམས་ཞིབ་པའམ་དེང་དུས་ཀྱི་བཤད་ཚུལ་ལ་སེམས་ཀྱི་ཚན་རིག་པ་ནི་༧གོང་ས་མཆོག་གིས་གཙོས་ནང་རིག་པའི་གཞུང་ལུགས་ལ་སྦྱང་བ་མཐར་ཕྱིན་ཅིང་ཐོས་དོན་ཉམས་སུ་བསྟར་བའི་སྐྱེས་བུ་རྣམས་ཡིན། པར་ཆས་དང་རྡུལ་ནུས་བསྲེ་སྦྱོར་གྱི་ལམ་ནས་ག་ཚོད་དཔྱད་བསྡུར་བྱས་ཀྱང་སེམས་ཀྱི་འཆར་སྒོ་ལེགས་བཅོས་དང་སེམས་རྒྱུད་འདུལ་ཐབས་བྱེད་མི་ནུས། མི་ཚོགས་དང་ཁྲོམ་ལམ་གཤེགས་ནས་འདྲེན་བྱེད་ལ་རང་དབང་སྤྲོད་དུས་ངལ་དུབ་ཀྱིས་མནར་བའི་དབུགས་རྒོད་ལྷེམ་བཞིན་སྐྱོ་ཉམས་དང་གདུང་ཚོར་གྱིས་ངོ་མདངས་ཤོར་བའི་ན་གཞོན་འགའ་ཤས་མཐོང་བྱུང༌།

 

ཁོང་ཚོ་ནི་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་ལས་དབང་མེད་དུ་ངལ་ཞིང་དུབ་པའི་འཚོ་ལམ་སྙེགས་པའི་ན་གཞོན་འགའ་ཞིག་རེད། ག་ལེར་བསམ་གཞིགས་བྱས་དུས་ཁོ་ཚོ་ཡང་ཤུགས་དྲགས་པའི་ནུས་པ་གཞན་ཞིག་གིས་དབང་བསྒྱུར་བྱས་པའི་མཇུག་འབྲས་རེད་འདུག དེ་ནི་ངས་ཁྱེད་ལ་བརྗོད་མི་དགོས་པར་ཁྱེད་ཀྱིས་ཤེས་གསལ་ལྟར་འདོད་རྔམ་དང་ཞེན་ཆགས་རེད།

་དུང་མཛེས་ཉམས་དང་ཆགས་ཉམས་སྣ་ཚོགས་ཀྱི་སྒྱུ་འཕྲུལ་ངོམ་པའི་ན་གཞོན་ཁྱུ་གཅིག ཁེ་སྤོགས་དང་ཐོབ་རེ་སྣ་ཚོགས་ལ་རེ་སེམས་འཆང་བའི་ཁྲམ་པ་ཕྱོགས་གཅིག འགྱོད་གདུང་དང་འཇིགས་དངངས་ཀྱིས་ཉིན་མཚན་སྐྱེལ་བའི་བློ་མང་སྐོར་གཅིག སྲོག་ལྡན་ཡོད་ཚད་སེམས་པའི་གཞན་དབང་ན་འདུལ་ཞིང་སེམས་པས་བསླུ་བྲིད་ལ་ཕྱོགས། གལ་ཏེ་ཁྱོད་རང་རང་དབང་ཅན་གྱི་ཤེས་ལྡན་པ་ཞིག་བྱེད་འདོད་ན་ཁྱོད་ཀྱིས་སེམས་པ་ལ་དབང་བསྒྱུར་བྱེད་དགོས།སེམས་པས་ཁྱོད་ལ་དབང་བསྒྱུར་བྱས་པའི་དུས་དེ་ནས་ཁྱོད་ལ་ནམ་ཡང་བདེ་བ་ཐོབ་མི་སྲིད།ནང་སེམས་ཀྱི་ཕྱོགས་ལ་བློ་ཁ་ཕྱོགས་ཤིང་ནང་སེམས་ཀྱི་ལེགས་ཉེས་དབྱེ་འབྱེད་མ་ཤེས་པར་དུ་ཁྱེད་རང་ནང་སེམས་ཀྱི་བྲན་གཡོག་ཡིན།སེམས་ཀྱི་བྲན་གཡོག་ལས་མ་གྲོལ་བར་དུ་ཁྱོད་ལ་མདུན་ལམ་མེད།

སྟོང་ཉིད་ཀྱི་ལྟ་བ། བྱང་ཆུབ་ཀྱི་སེམས། བྱམས་པ་དང་སྙིང་རྗེ། ཐ་སྙད་འདི་དག་ཁྱོད་ཀྱིས་ཁས་མ་བླང྄ས་ཀྱང་ཆོག གང་ལྟར་དོན་དམ་པའི་བདེ་བ་དེའི་ཆེད་དུ་མདུན་བསྐྱོད་དགོས་ཚེ་ཁ་ནང་དུ་ཕྱོགས་དང་བདེ་སྐྱིད་ཡོད་ཚད་སེམས་ཁོང་ནས་འོང་ཞིང་སེམས་ཁོང་ནས་མྱོང༌།དེས་ན་ཁྱོད་དང་ང་བདེ་སྐྱིད་ཅེས་པའི་ཚིག་འབྲུ་འདིའི་ཆེད་དུ་སེམས་གཤིས་ལ་རྒྱུས་ལོན་དང་སེམས་ཚོར་གྱི་བྲན་གཡོག་ལས་ཕྱིར་འབུད་བྱེད་དགོས།

 

དེ་ནི་སེམས་ཚོར་ཡོད་ཚད་ལ་ངོ་རྒོལ་དགོས་པའི་དོན་མིན་པར་སྡུག་བསྔལ་གང་ལས་འོངས་པའི་སེམས་ཀྱི་ཚོར་འདུ་ཡོད་ཚད་ཕྱིར་འབུད་དང་དེ་དག་ལ་འཐབ་མོ་སྦྲན་དགོས་ཞེས་པ་ཡིན།།