ཨ་རིས་རྒྱ་མིའི་ལས་བྱེད་དྲུག་ལ་དཔལ་འབྱོར་ཉེས་ཆད་བཅད་འདུག

ཨ་རི་གཞུང་གིས་ཧོང་ཀོང་དང་རྒྱ་ནག་ནང་དུ་ཡོད་པའི་རྒྱ་གཞུང་གི་ལས་བྱེད་དྲུག་ལ་དཔལ་འབྱོར་གྱི་ཉེས་ཆད་བཅད་ཡོད་འདུག ལས་བྱེད་དྲུག་པོ་དེ་དག་ནི་རྒྱལ་མཚམས་བརྒལ་ནས་ཧོང་ཀོང་བ་ཚོ་ལ་དྲག་གནོན་དང་། ཧོང་ཀོང་གི་རང་སྐྱོང་མེད་པ་བཟོ་མཁན་ཡིན་པའི་ངོས་འཛིན་འོག་ཉེས་ཆད་བཅད་ཡོད་འདུག
ཕྱི་ཚེས་༢ ཉིན་(Taipeltimes)ཐའེ་པེ་དུས་བབ་ཀྱིས་གནས་ཚུལ་བཏོན་གསལ་ལྟར་ན། རྒྱ་ནག་གཞུང་གི་ལས་བྱེད་འགའ་ཤས་དང་ཧོང་ཀོང་ནང་དུ་ཡོད་པའི་ལས་བྱེད་བཅས་ཁྱོན་ལས་བྱེད་༦ ལ་ཨ་རི་གཞུང་གིས་རྒྱ་ནག་གི་ཕྱི་ལ་ཡོད་པའི་ཧོང་ཀོང་བ་ཚོ་ལ་རྒྱལ་མཚམས་བརྒལ་ནས་དྲག་གནོན་དང་ཧོང་ཀོང་རང་སྐྱོང་མེད་པ་བཟོས་པའི་ཉེས་མིང་འོག་དཔལ་འབྱོར་གྱི་ཉེས་ཆད་བཅད་ཡོད་འདུག་པ་དང་། རྒྱ་ནག་གཞུང་གིས་ཨ་རིའི་བྱ་སྤྱོད་དེ་ལ་རྒོལ་ལན་སློག་རྒྱུ་ཡིན་པར་བརྗོད་ཡོད་འདུག ལས་བྱེད་དེ་དག་གི་ནང་ནས་ཧོང་ཀོང་ནང་དུ་ཡོད་པའི་ཁྲིམས་ཁང་གི་ཁྲིམས་དྲུང་(Paul Lamཟེར་བ་དེ་དང་། རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་སྲུང་སྐྱོབ་ལྷན་ཁང་གི་འགན་འཛིན་(Dong Jingwei) ཉེན་རྟོག་ལས་ཁུངས་ཀྱི་འགོ་དཔོན་(Raymond Siu Chak-yee)་ཟེར་བ་བཅས་ཡོད་འདུག རྒྱ་ནག་དང་ཧོང་ཀོང་ནང་ཡོད་པའི་ལས་བྱེད་དེ་ཚོས་ཨ་རིའི་མི་སེར་གཅིག་དང་། ཨ་རིར་གནས་སྡོད་བྱེད་མཁན་བཞི། ས་ཆ་གཞན་ལ་གནས་སྡོད་བྱེད་མཁན་བཅས་ཁྱོན་མི་༡༩ ལ་རྒྱལ་མཚམས་བརྒལ་ནས་དྲག་གནོན་བྱེད་བཞིན་ཡོད་པ་ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་བརྗོད་འདུག དེ་བཞིན་ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་རྒྱ་ནག་གཞུང་གི་ལས་བྱེད་དྲུག་པོ་དེས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བའི་འོག་མི་མང་གང་བྱུང་འཛིན་བཟུང་དང་། བཙོན་འཇུག ཉེས་ཆད་བཀལ་བ་སོགས་ཧོང་ཀོང་གི་མི་མང་ཚོ་ལ་དཀའ་ངལ་ཚད་མེད་སྤྲད་ཡོད་པར་བརྗོད་འདུག

གོང་གསལ་གསུམ་དེ་ལས་གཞན་གསུམ་ནི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་སྲུང་སྐྱོབ་ལྷན་ཁང་གི་དྲུང་ཆེ་(Sonny Au)་དང་། ཧོང་ཀོང་ཉེན་རྟོག་ལས་ཁུངས་ཀྱི་འགོ་དཔོན་གྱི་ལས་རོགས་ཉེན་རྟོག་པ་(Dick Wong དང་(Margaret Chiu)གཉིས་བཅས་དྲུག་ཡིན་འདུག ཧོང་ཀོང་དེ་ཕྱི་ལོ་༡༩༩༧ ལོར་དབྱིན་ཇིས་རྒྱ་ནག་ལ་རྩིས་སྤྲད་ཡོད་པ་དང་། སྐབས་དེ་དུས་མི་ལོ་༥༠ རིང་དམངས་གཙོའི་ལམ་ལུགས་རྒྱུན་འཁྱོངས་བྱེད་རྒྱུའི་གྲོས་མཐུན་བཞག་ཡོད་འདུག་ཀྱང་། རྒྱ་ནག་གཞུང་གིས་གྲོས་མཐུན་རྩིས་མེད་བཏང་ནས་ཕྱི་ལོ་༢༠༡༩ དང་༢༠༢༠ ལོར་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་ཞིག་ལག་བསྟར་བྱེད་རྒྱུའི་ཁྱབ་བསྒྲགས་བྱེད་དུས་ཧོང་ཀོང་མི་མང་ས་ཡ་མང་པོས་ངོ་རྒོལ་དང་སྐད་འབོད་བྱས་ཡོད་ཀྱང་། མཐར་རྒྱ་ནག་གཞུང་གིས་མི་མང་བརྒྱ་ཕྲག་མང་པོ་འཛིན་བཟུང་དང་བཀག་ཉར་བྱས་ནས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་དེ་ལག་བསྟར་འགོ་བཙུགས། སྐབས་དེ་དུས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་གྱི་སྣེ་འཁྲིད་མཁན་བརྒྱ་ཕྲག་མང་པོ་འཛིན་བཟུང་བྱས་ནས་དུས་ད་ལྟ་ཡང་བཙོན་འཇུག་འོག་ཏུ་ཡོད་མཁན་མང་པོ་ཡིན་འདུག

ཐེངས་འདིར་ཨ་རིའི་གཞུང་གིས་རྒྱ་ནག་གི་ལས་བྱེད་དེ་དག་ལ་དཔལ་འབྱོར་གྱི་ཉེས་ཆད་བཅད་པར་ཧོང་ཀོང་གི་ཕྱི་སྲིད་བློན་ཆེན་གྱིས་སྐྱོན་བརྗོད་བྱས་འདུག་པ་དང་། སྐྱོན་བརྗོད་ཀྱི་ནང་ཨ་རིའི་གཞུང་གིས་ཧོང་ཀོང་གི་འཕེལ་རྒྱས་དང་རྒྱ་ནག་གི་འཕེལ་རྒྱས་ལ་འགོག་རྒོལ་བྱེད་ཀྱི་ཡོད་པར་བརྗོད་འདུག རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Guo Jiakun)ཟེར་བ་དེ་ཡིས་རྒྱ་ནག་གི་ངོས་ནས་ཨ་རི་ལ་རྒོལ་ལན་ངེས་པར་དུ་སློག་རྒྱུ་ཡིན་པར་བརྗོད་འདུག་པ་དང་། ད་དུང་ཁོས་ཧོང་ཀོང་ནང་ཟིང་འཁྲུག་སློང་མཁན་ཁ་བྲལ་རིང་ལུགས་པ་དེ་ཚོ་ལ་ཁྲིམས་ལུགས་གཞིར་བཞག་ཐོག་ནས་ཉེས་ཆད་བཅད་པ་ནི་ལུགས་དང་མཐུན་པ་ཞིག་ཡིན་པ་དང་། ཨ་རི་ལ་གནས་དོན་དེ་དག་གི་ཁྲོད་ཐེ་གཏོགས་བྱེད་རྒྱུའི་ཐོབ་ཐང་མེད་པར་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
