ཨ་རུ་ནཱ་ཅལ་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོས་ང་ཚོའི་ས་མཚམས་བོད་དང་འབྲེལ་ཡོད་པ་ལས་རྒྱ་ནག་དང་འབྲེལ་མེད་ཅེས་ལན་འདེབས་གནང་།

ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་ང་ཚོའི་ས་མཚམས་བོད་དང་འབྲེལ་ཡོད་པ་ལས་རྒྱ་ནག་དང་འབྲེལ་མེད་ཅེས། ལོ་རྒྱུས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞི་བཅོལ་བའི་ཆབ་སྲིད་ཀྱི་གསལ་བསྒྲགས་གནད་ལ་འཁེལ་བ་ཞིག་བྱས་འདུག

པར། དགའ་ལྡན་ཕོ་བྲང་།

ཟླ་འདིའི་ཚེས་༡༠ ཉིན། རྒྱ་གར་གྱི་༼PTI༽ ཞེས་པའི་བརྙན་འཕྲིན་ཁང་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ལ་བཅར་འདྲི་ཞིག་བྱས་པའི་ནང་། གསར་འགོད་པས་ཨ་རུ་ནཱ་ཅལ་དང་རྒྱ་ནག་བར་སྤྱི་ལེ་༡༢༠༠ ཡི་ས་མཚམས་ཡོད་པའི་སྐོར་གླེང་སྐབས། སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོས་གསར་འགོད་པའི་སྐད་ཆའི་བར་དུ་འཚང་ནས། ང་ཚོ་དང་བོད་བར་ས་མཚམས་འབྲེལ་ཡོད་པ་ལས་རྒྱ་ནག་དང་ས་མཚམས་འབྲེལ་མེད་ཅེས་བརྗོད་དེ་གསར་འགོད་པའི་སྐད་ཆ་ལ་ནོར་བཅོས་གནང་འདུག

དེ་ནས་ཁོང་གིས་མུ་མཐུད་དུ་བརྗོད་དོན། ༼ད་ལྟའི་ཆར་གཞུང་འབྲེལ་ཐོག་བོད་དེ་རྒྱ་ནག་གི་འོག་ཏུ་ཡོད། དེ་ནི་ཁས་མི་ལེན་ཀ་མེད་རེད། འོན་ཀྱང་དོན་དངོས་སུ་ང་ཚོའི་ས་མཚམས་ནི་བོད་དང་འབྲེལ་ཡོད། ཨ་རུ་ནཱ་ཅལ་མངའ་སྡེར་མཚོན་ན་རྒྱལ་སྤྱིའི་ས་མཚམས་གསུམ་ཡོད། དེ་དག་ནི་འབྲུག་དང་སྤྱི་ལེ་༡༥༠ ཙམ། བོད་དང་སྤྱི་ལེ་༡༢༠༠ ཙམ་ཡོད་པ་དེ་རྒྱལ་ཁབ་ཀྱི་ས་མཚམས་རིང་ཤོས་གྲས་ཤིག་རེད། ཤར་ཕྱོགས་སུ་འབར་མ་དང་སྤྱི་ལེ་༥༥༠ ཙམ་ཡོད་པ་བཅས་རེད་ཅེས་བརྗོད།

དེ་བཞིན་ཁོང་གིས་རྒྱ་གར་གྱི་མངའ་སྡེ་གང་ནས་ཀྱང་རྒྱ་ནག་དང་ཐད་ཀར་ས་མཚམས་འབྲེལ་བ་མེད་པ་དང་། བོད་དང་ས་མཚམས་འབྲེལ་བའི་སྐོར་དང་། བོད་ནི་ཕྱི་ལོ་༡༩༥༠ ནང་རྒྱ་ནག་གིས་བཙན་ཤེད་ཀྱིས་དབང་སྒྱུར་བྱས་ཡོད་པ་ནན་བརྗོད་དང་། ཕྱི་ལོ་༡༩༡༤ ལོའི་སིམ་ལའི་ཆིངས་ཡིག་འཇོག་སྐབས། བོད་དང་རྒྱ་གར་དབྱིན་ཇི་གཞུང་། རྒྱ་ནག་བཅས་ཀྱི་སྐུ་ཚབ་མཉམ་ཞུགས་བྱས་ཡོད་པ་བཅས་རྒྱ་གར་དང་བོད་ཀྱི་ས་མཚམས་ཡིན་པར་དངོས་ཡོད་ལོ་རྒྱུས་ཀྱི་རྒྱབ་རྟེན་ཡོད་པར་བརྗོད་འདུག

གསར་འགོད་པས་རྒྱ་གཞུང་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་ས་གནས་ཁག་ལ་རང་འདོད་ལྟར་མིང་འདོགས་བཞིན་པའི་སྐོར་བཅར་འདྲི་ཞུ་སྐབས། ཁོང་གིས་རྒྱ་གཞུང་གིས་ས་གནས་ཁག་ལ་མིང་བཏགས་པ་ཐེངས་གཅིག་མ་ཡིན་པར་ཐེངས་ལྔ་ཙམ་བྱུང་ཡོད་པར་བརྗོད་པ་དང་།

དེ་བཞིན་ཁོང་གིས་རྒྱ་ནག་གིས་ཨ་རུ་ནཱ་ཅལ་ཉེ་འགྲམ་དུ་འཛུགས་བསྐྲུན་བྱེད་བཞིན་པའི་ཆུ་མཛོད་ལ་ཆུའི་འབར་མདེལ་ཞེས་བརྗོད་ནས། རྒྱ་ནག་ནི་རྒྱལ་སྤྱིའི་ཆུ་མཉམ་སྤྱོད་ཀྱི་གྲོས་མཐུན་གང་གི་ཁོངས་སུ་ཞུགས་མེད་པ་མ་ཟད། རྒྱ་ནག་ལ་ཡིད་ཆེས་རུང་བ་ཞིག་མིན་པས། རྒྱ་གཞུང་གིས་འཛུགས་སྐྲུན་བྱེད་བཞིན་པའི་ཆུ་མཛོད་ལ་བརྟེན། རྒྱ་གར་གྱི་བྱང་ཤར་ས་ཁུལ་ལ་ཉེན་ཁ་འཕྲད་བཞིན་ཡོད་པར་བརྗོད་འདུག

གོང་ས་མཆོག་གི་ཡང་སྲིད་དང་འབྲེལ། ཁོང་གིས་བོད་བརྒྱུད་ནང་བསྟན་དེ་བོད་ནང་དང་ཧི་མ་ལ་ཡའི་ཁུལ་གྱིས་ཉམས་ལེན་བྱེད་ཀྱི་ཡོད་པ་ལས་རྒྱ་ནག་ཏུ་བོད་བརྒྱུད་ནང་བསྟན་ཉམས་ལེན་བྱེད་ཀྱི་མེད་པ་སོགས་ལ་བརྟེན། རྒྱ་ནག་ལ་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་ཐོབ་ཐང་ངམ་དབང་ཚད་མེད་ཅེས་བརྗོད་འདུག།

སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ཉེ་ཆར་༧གོང་ས་མཆོག་དགུང་ལོ་༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་གཞུང་འབྲེལ་མཛད་སྒོའི་ཆེ་བསྟོད་སྐུ་མགྲོན་དུ་ཕེབས་ནས་༧གོང་ས་མཆོག་ལ་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་ཡོད་པ་མ་ཟད། སྐབས་དེར་ཁོང་གིས་༸གོང་ས་མཆོག་གི་བཀའ་སློབ་ནི་བོད་མི་ཙམ་མ་ཟད། འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་ཐུབ་ཡོད་པ་དང་། ཁོང་ཚོའི་མི་ཚེར་འགྱུར་བ་བཏང་ཐུབ་ཡོད་སྐོར། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་འཚེ་མེད་ཞི་བའི་ལྟ་གྲུབ་དང་། ཆོས་ལུགས་མཐུན་སྒྲིལ། འཇིག་རྟེན་ཀུན་ཁྱབ་སེམས་ཁུར་ཐོག་སྐུ་ལས་གཡོ་མེད་གནང་ཡོད་པ། དེ་ཡང་དེང་སྐབས་འཁྲུག་རྩོད་དང་འཐེན་ཁྱེར་གྱི་དུས་སུ་ཁོང་གི་བཀའ་སློབ་ནི་ཤེས་རབ་དང་། བྱམས་སྙིང་རྗེའི་སྒྲོན་མེ་ལྟ་བུ་ཆགས་ཡོད་པ། ཨ་རུ་ནཱ་ཅལ་དུ་རྟེན་གཞི་བྱས་པའི་རྟ་དབང་དགོན་པ་དེ་ཡང་༸རྒྱལ་དབང་སྐུ་ཕྲེང་ལྔ་པའི་བཀའ་དྲིན་ལམ་སྟོན་འོག་ཕྱག་བཏབ་པ་ཞིག་དང་། ༸རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་རྟ་དབང་དུ་སྐུ་འཁྲུངས་ཤིང་། དེས་བོད་དང་ཨ་རུ་ནཱ་ཅལ་གཉིས་དབར་གྱི་ཆོས་ཕྱོགས་ཀྱི་འབྲེལ་བ་ཟབ་མོ་མཚོན་གྱི་ཡོད་ཅེས་དང་།

༸གོང་ས་མཆོག་གིས་༸རྒྱལ་དབང་རིམ་བྱོན་རྒྱུན་མཐུད་གནས་རྒྱུའི་ཞལ་བཞེས་བཟང་པོ་གནང་བ་དེས་འཛམ་གླིང་གི་མི་མང་དང་། ལྷག་པར་དུ་ཧི་མ་ལ་ཡའི་ནང་པའི་སྤྱི་ཚོགས་ལ་བདེ་བ་བསྐྲུན་ཡོད་པ་མ་ཟད། དགའ་ལྡན་ཕོ་བྲང་དགེ་རྩའི་ལམ་སྟོན་འོག་༸རྒྱལ་བའི་ཡང་སྲིད་ངོས་འཛིན་དེ་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཞིན་གནང་རྒྱུ་ཡིན་པ་བསྐྱར་ནན་གནང་ཡོད་པ་རེད།

གསར་འགོད་པ། བློ་བཟང་རྒྱ་མཚོ།