ཊོམ་གྱིས་ཉིན་༥༠ ནང་དུ་དམག་འཁྲུག་མཚམས་འཇོག་གི་གྲོས་མོལ་མ་བྱས་ཚེ་སྒོ་ཁྲལ་བརྒྱ་ཆ་༡༠༠ འགེལ་རྒྱུ་ཡིན་པར་བརྗོད་འདུག 

ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་དམག་འཁྲུག་མཚམས་འཇོག་ཡོང་ཐབས་སུ་འབད་བརྩོན་ཐེངས་མང་བྱས་ཡོད་ཀྱང་། ད་བར་གྲུབ་འབྲས་གང་ཡང་ཐོན་མེད་པར་བརྟེན། ཉེ་ཆར་བྱང་ཆིངས་སྒྲིག་འཛུགས་ཀྱི་དྲུང་ཆེ་དང་སྲིད་འཛིན་ཊོམ་གཉིས་ཐུག་འཕྲད་བྱས་རྗེས། ཊོམ་གྱིས་ཨུ་རུ་སུའི་ངོས་ནས་དམག་འཁྲུག་མཚམས་འཇོག་ཡོང་ཐབས་སུ་ཉིན་༥༠ ནང་གྲོས་མོལ་མ་བྱས་ཚེ་སྒོ་ཁྲལ་བརྒྱ་ཆ་༡༠༠ འགེལ་རྒྱུ་ཡིན་པར་བརྗོད་འདུག 

ཕྱི་ཚེས་༡༥ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་གཟའ་ཟླ་བའི་ཉིན་བྱང་ཆིངས་སྒྲིག་འཛུགས་ཀྱི་དྲུང་ཆེ་(Mark Rutte)དང་ཨ་རིིའི་སྲིད་འཛིན་ཊོམ་གཉིས་ཕོ་བྲང་དཀར་པོའི་ནང་ཐུག་འཕྲད་བྱུང་ཡོད་འདུག་ཅིང་། སྐབས་དེ་དུས་དྲུང་ཆེ་ཡིས་ཨ་རིའི་གཞུང་གིས་ཡུག་རེན་ལ་ཡོ་རོབ་མཐུན་ཚོགས་བརྒྱུད་ནས་གོ་མཚོན་སྤྲོད་རྒྱུའི་ཐག་གཅོད་བྱུང་ཡོད་པ་དང་། གོ་མཚོན་དེ་དག་གི་དངུལ་ཡོ་རོབ་མཐུན་ཚོགས་ནས་སྤྲོད་རྒྱུ་ཡིན་པར་བརྗོད་འདུག ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་ཨ་རིའི་གོ་མཚོན་རྣམས་ཡུག་རེན་ལ་གཏོང་རྒྱུ་ཡིན་པ་དང་། གོ་མཚོན་དེ་དག་ནི་ཡུག་རེན་ལ་མཚོན་ན་ཨུ་རུ་སུའི་གཏོར་རྒོལ་ཁྲོད་ཧ་ཅང་དགོས་མཁོ་ཆེན་པོ་ཆགས་ཡོད་པར་བརྗོད་འདུག 

དེ་བཞིན་ཨ་རིའི་སྲིད་འཛིན་ཊོམ་ནས་ཨུ་རུ་སུས་དམག་འཁྲུག་མཚམས་འཇོག་ཆེད་དུ་འབྱུང་འགྱུར་ཉིན་གྲངས་༥༠ ནང་གྲོས་མོལ་མ་བྱས་ཚེ་ཨ་རིའི་ངོས་ནས་སྒོ་ཁྲལ་བརྒྱ་ཆ་༡༠༠ འགེལ་རྒྱུ་ཡིན་པ་བརྗོད་འདུག་ལ། དེ་དང་མཉམ་དུ་ཡུག་རེན་ཕྱོགས་ནས་དམག་འཁྲུག་མཚམས་འཇོག་ཡོང་ཐབས་སུ་ག་རེ་བྱེད་དགོས་ནའང་ངེས་པར་དུ་བྱེད་དགོས་པར་བརྗོད་འདུག ཁོང་གཉིས་མཇལ་འཕྲད་སྐབས་སུ་གཉིས་ཀས་གོ་མཚོན་ག་རེ་སྤྲོད་རྒྱུ་ཡིན་མིན་ཁ་གསལ་གང་ཡང་བརྗོད་མི་འདུག་ཀྱང་། སྲིད་འཛིན་ཊོམ་གྱིས་ཨ་རིའི་སྒོར་མོ་ཐེར་འབུམ་མང་པོ་གནས་པའི་གོ་མཚོན་ནུས་པ་ཆེ་ཤོས་རྣམས་སྤྲད་ནས་གང་མགྱོགས་ཡུག་རེན་གྱི་དམག་སར་འགྲེམས་འཇོག་བྱེད་དགོས་ཀྱི་རེད་ཅེས་བརྗོད་འདུག 

དྲུང་ཆེ་དང་སྲིད་འཛིན་ཊོམ་གཉིས་ཐུག་འཕྲད་ཚར་རྗེས། ཡུག་རེན་གྱི་སྲིད་འཛིན་(Zelensky)ཛེེ་ལེན་སི་ཀིས་སྲིད་འཛིན་ཊོམ་ལ་ཁ་པར་བརྒྱུད་ནས་ཡུག་རེན་ལ་གོ་མཚོན་རོགས་རམ་གནང་རྒྱུའི་ཐག་གཅོད་བྱུང་བ་ལ་ཐུགས་རྗེ་ཆེ་ཞུས་ཡོད་འདུག་པ་དང་། མ་འོངས་པར་ཡུག་རེན་གྱི་མི་མང་ཚོའི་ཚེ་སྲོག་སྲུང་སྐྱོབ་བྱེད་རྒྱུ་དང་། ཡུག་རེན་ནང་ཞི་བདེ་ཡོང་ཐབས་སུ་མུ་མཐུད་ནས་རྒྱབ་སྐྱོར་གནང་རོགས་ཞེས་ཞུས་ཡོད་འདུག 

སྒོ་ཁྲལ་ཐད་སྲིད་འཛིན་ཊོམ་གྱིས་གལ་སྲིད་མ་འོངས་པའི་ཉིན་གྲངས་༥༠ ནང་ཚུད་དུ་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་དམག་འཁྲུག་དེ་མཚམས་འཇོག་གི་ཆེད་དུ། ཨུ་རུ་སུས་གྲོས་མོལ་མ་བྱས་ཚེ་ཨ་རིའི་གཞུང་གིས་ཨུ་རུ་སུའི་ཚོང་རོགས་རྒྱལ་ཁབ་རྣམས་ཀྱི་ཐོག་ལ་ཡང་སྒོ་ཁྲལ་འགེལ་རྒྱུ་ཡིན་པ་དང་། དེ་ཡང་སྒོ་ཁྲལ་བརྒྱ་ཆ་༡༠༠ འགེལ་རྒྱུ་ཡིན་པར་བརྗོད་འདུག གལ་སྲིད་ལབ་པ་ལྟར་སྒོ་ཁྲལ་བརྒྱ་ཆ་༡༠༠ ཨུ་རུ་སུའི་ཚོང་རོགས་རྒྱལ་ཁབ་ཚོ་ལ་བཀལ་ཚེ། མ་འོངས་པར་ཨུ་རུ་སུའི་སྣུམ་གཙོས་པའི་དངོས་ཟོག་གཞན་རྣམས་ཉོ་མཁན་ཉུང་དུ་འགྲོ་རྒྱུ་ཡིན་འདུག་ཅིང་། དེ་ལ་བརྟེན་ནས་ཨུ་རུ་སུའི་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་ཕོག་རྒྱུ་ཡིན་འདུག དེ་བཞིན་རྒྱ་གར་གཙོས་པའི་རྒྱ་ནག་དང་གཞན་རྒྱལ་ཁབ་མང་པོ་ཞིག་གིས་ཨུ་རུ་སུ་ནས་སྣུམ་དང་རླངས་རྫས་སོགས་ཕོན་ཆེན་པོ་ཉོ་ཡི་ཡོད་འདུག་པས། རྒྱལ་ཁབ་དེ་དག་ལ་ཨ་རིའི་གཞུང་གིས་སྒོ་ཁྲལ་འགེལ་རྒྱུའི་ཉེན་ཁ་ཆེན་པོ་ཆགས་འདུག 

ཨུ་རུ་སུའི་ལོ་གཅིག་གི་ཡོང་འབབ་ཁྲོད་བརྒྱ་ཆ་༦༠ ལྷག་ཙམ་སྣུམ་དང་རླངས་རྫས་རྒྱལ་ཁབ་གཞན་ལ་བཙོངས་ནས་ཡོང་གི་ཡོད་འདུག་ཀྱང་། ཨ་རིའི་གཞུང་གི་སྒོ་ཁྲལ་བརྒྱ་ཆ་༡༠༠ བཀལ་ཚེ་དཔལ་འབྱོར་ཐད་གྱོང་གུད་ཆེན་པོ་ཕོག་རྒྱུ་ཡིན་འདུག 

ད་ཆར་སྲིད་འཛིན་ཊོམ་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་ལ་ཁོང་ཁྲོ་ཆེན་པོ་ལང་བཞིན་ཡོད་འདུག་ཅིང་། ཉེ་ཆར་ཊོམ་གྱིས་སྲིད་འཛིན་པུ་ཌིན་གྱིས་ཨ་རིའི་སྲིད་འཛིན་ཟུར་པ(Clinton)ཁེ་ལེ་ཊིན(Bush)སྦུ་ཤོ(Obama)ཨོ་བྷ་མ།(Biden)བྷ་ཌན་བཅས་ཚང་མ་མགོ་སྐོར་བཏང་ཡོད་ཀྱང་། ཁོས་ང་ལ་མགོ་སྐོར་གཏོང་ཐུབ་ཀྱི་མ་རེད། སྐད་ཆ་མང་པོ་བཤད་ན་དོན་མེད་རེད། དེ་ལས་ལག་ལེན་བསྟར་རྒྱུ་རེད་ཅེས་བརྗོད་འདུག འོན་ཀྱང་། ཨུ་རུ་སུའི་གཞུང་གིས་ལན་འདེབས་གང་ཡང་བྱས་མི་འདུག་ཀྱང་། པུ་ཌིན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་དང་། ཨུ་རུ་སུའི་སྲིད་དོན་ཚན་རིག་པ་(Sergei Markov)སར་གྷེ་མར་ཁོའོ་ཟེར་བ་དེས་ཊོམ་གྱི་སྒོ་ཁྲལ་འགེལ་རྒྱུའི་བྱ་སྤྱོད་དེ་ནི་ཡུག་རེན་ནང་ཞི་བདེ་སྐྲུན་མི་ཐུབ་པས་ཡུག་རེན་གྱི་གནད་དོན་བློས་བཏང་བ་རེད་ཅེས་བརྗོད་འདུག 

ཨ་རིའི་སྲིད་འཛིན་ཊོམ་གྱིས་ཡུག་རེན་ལ་དམག་དོན་རོགས་རམ་བྱེད་རྒྱུ་ཁས་ལེན་བྱུང་བ་དེ་ཊོམ་སྲིད་འཛིན་དུས་ཡུན་གཉིས་པ་ཆགས་རྗེས་ཡུག་རེན་ལ་རོགས་རམ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།