ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་དྭགས་གླེར་ཕེབས་ནས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པར་མཇལ་འཕྲད་གནང་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་ལྟ་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་བཞུགས་ཡོད་པ་དང་སྟབས་བསྟུན་ནས། ཡོ་རོབ་ཀྱི་རྒྱལ་ཁབ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་དྭགས་སུ་ཕེབས་ནས་ཆེད་དུ་༧གོང་ས་མཆོག་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་མཇལ་འཕྲད་གནང་འདུག
ཕྱི་ཚེས་༢༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན་ལ། ཕྱི་ཚེས་༢༧ ཉིན་ཡོ་རོབ་ཀྱི་རྒྱལ་ཁབ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་(Petr Pavel)ཁོང་ལ་དྭགས་གླེ་རུ་ཕེབས་ནས་༧གོང་ས་མཆོག་དང་མཇལ་འཕྲད་གནང་འདུག་ལ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གཙོས་པའི་མཛད་གཙོ་རྣམ་པ་དང་མཇལ་འཕྲད་གནང་འདུག ཁོང་ཐོག་མར་ལ་དྭགས་གླེར་ཕེབས་དུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་ལ་དྭགས་ཁྲིག་སེ་དགོན་པར་སྣེ་ལེན་གཟབ་རྒྱས་ཞུས་ཡོད་འདུག་ཅིང་། སྐབས་དེ་དུས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་པ་(Dr. Eliska Zigova)དང་། གཞུང་ཚབ་གཞོན་པ་(Kateřina Petersen) གཞན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་ཚོགས་ཆུང་གི་མི་སྣ་འགའ་ཤས་བཅས་མཉམ་དུ་ཡོད་འདུག ཁོང་རྣམ་པ་ཚོ་ཁྲིག་སེ་དགོན་པར་ཕེབས་ནས་ཕྱི་ཚེས་༢༧ ཉིན་ཞི་བའི་ཚལ་ཕོ་བྲང་དུ་༧གོང་ས་མཆོག་མཇལ་ཏེ། མགོན་པོ་གང་ཉིད་དགུང་ལོ་དགུ་བཅུའི་༸སྐུའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་འདུག དེ་བཞིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གྱིས་ལ་དྭགས་བོད་པའི་གཞིས་ཆགས་བསོད་ནམས་གླིང་དུ་གཟིགས་སྐོར་ཕེབས་ཡོད་འདུག་པ་དང་། སྐབས་དེར་བསོད་ནམས་གླིང་གཞིས་ཆགས་ཀྱི་ས་གནས་ཚོགས་ཁང་དུ་གཞས་སྣ་གཟིགས་འབུལ་ཞུས་ཡོད་འདུག དེ་རྗེས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ནས་གསར་འགོད་པར། ཁོང་ཐེངས་འདིར་ལ་དྭགས་སུ་ཕེབས་དགོས་དོན་ནི་༧གོང་ས་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་དུ་ཐེངས་༡༡ ཕེབས་མྱོང་ཡོད་པ་དང་། གཉིས་པ་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་མཚོན་ཆེད་དུ་ཡོང་བ་ཡིན། བོད་མིའི་སྒྲིག་འཛུགས་ནི་བོད་རྒྱ་གཉིས་ཀྱི་དཀའ་ངལ་སེལ་ཐབས་ལ་འབད་བརྩོན་བྱེད་མཁན་ཞིག་དང་། དེ་ཡང་གྲོས་མོལ་གི་ལམ་ནས་དཀའ་ངལ་སེལ་ཐབས་བྱེད་ཀྱི་ཡོད། ༧གོང་ས་མཆོག་ནས་བོད་ཀྱི་དཀའ་ངལ་སེལ་ཐབས་སུ་དབུ་མའི་ལམ་ལས་རང་བཙན་དགོས་ཞེས་གསུང་གི་མེད། དབུ་མའི་ལམ་གྱི་བརྒྱུད་ནས་བོད་མི་རྣམས་ལ་ཆོས་དད་རང་དབང་དང་། སྨྲ་བརྗོད་རང་དབང་། སྐད་ཡིག་རང་དབང་བཅས་དགོས་གསུང་གི་ཡོད། དེར་བརྟེན་ང་ཚོས་ངེས་པར་དུ་ཁོང་ཚོ་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་བརྗོད་འདུག

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ནས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རྒྱལ་ཁབ་གཅིག་གི་སྲིད་འཛིན་ཞིག་ཆེད་དུ་༧གོང་ས་མཆོག་མཇལ་དུ་ཕེབས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོ་དང་ལྷན་དུ་ཐུག་འཕྲད་དང་འདི་འདྲ་བཞུགས་ནས་དུས་ཚོད་བཏང་བ་ནི་ལོ་རྒྱུས་ནང་ཐེངས་དང་པོ་ཡིན་པར་བརྗོད་འདུག་ལ། སྲིད་འཛིན་ཁོང་གིས་བོད་མིའི་རྩ་དོན་ལ་ད་བར་རྒྱབ་སྐྱོར་གནང་བ་ནི་ཐུགས་རྗེ་ཆེ་ཞུས་འདུག
གཞན་ཡང་སྲིད་འཛིན་ནས་ང་ཚོ་ནི་ཡོ་རོབ་དབུས་ཀྱི་རྒྱལ་ཁབ་གཅིག་ནས་ཡོང་བ་ཡིན། ང་ཚོ་དང་བོད་མིའི་བར་རིག་གཞུང་མི་འདྲ་ལ། ལོ་རྒྱུས་མི་འདྲ། འོན་ཀྱང་། འདྲ་ས་ནི་ང་ཚོ་ཚང་མ་འགྲོ་བ་མི་ཞིག་རེད། བདེ་སྐྱིད་འདོད་མཁན་ཞིག་རེད། མ་འོངས་པར་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་ལ་རེ་བ་རྒྱག་མཁན་ཞིག་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོ་འདིར་ཡོང་ནས་༧གོང་ས་མཆོག་དང་བོད་མི་ཚོ་ལ་རྒྱབ་སྐྱོར་མཚོན་ཆེད་དུ་ཡོང་བ་ཡིན། ཁྱོད་ཚོ་བོད་མི་ཚོ་ད་ལྟ་གང་དགོས་པ་དེ་ནི་རྒྱས་སྤྲོས་ཆེད་དུ་མ་ཡིན་པར། སྐད་ཡིག་དང་ཆོས་ལུགས། རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཆེད་དུ་རང་དབང་རྩོད་པ་ནི་གཞི་རྩའི་འགྲོ་བ་མི་ཞིག་ལ་དགོས་པའི་རྩ་བའི་ཆ་རྐྱེན་རེད་ཅེས་དང་། མ་འོངས་པར་གང་མགྱོགས་བོད་མི་ཚོ་རང་གི་ཡུལ་དུ་ལོག་ཐུབ་པའི་ཉི་མ་བཟང་པོ་ཞིག་ཤར་བའི་སྨོན་འདུན་ཡོད་ཅེས་གསུངས་འདུག

ཁ་སང་ཕྱི་ཚེས་༢༧ ཉིན་གྱི་ཕྱི་དྲོར་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཀྱི་མགྲིན་ཚབ་པས། ཅེག་སྤྱི་མཐུན་གྱི་སྲིད་འཛིན་གྱིས་ཀྲུང་གོའི་ལངས་ཕྱོགས་དང་། ཀྲུང་གོ་དང་ཅེག་སྤྱི་མཐུན་བར་གྱི་འབྲེལ་བའི་གལ་ཆེན་རང་བཞིན་ལ་སྣང་མེད་ཀྱིས། ༧གོང་ས་མཆོག་དང་སྲིད་སྐྱོང་སོགས་བོད་མིའི་དབུ་ཁྲིད་རྣམས་ལ་ཐུག་ཏུ་ཕྱིན་པར་བློ་ཕམ་དང་ངོ་རྒོལ་ཡོད་པར་བརྗོད་པ་དང་། བོད་ནི་གནའ་སྔ་མོ་ནས་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཚུལ། བོད་དོན་ནི་ཀྲུང་གོའི་ནང་སྲིད་ཁྲོད་ཀྱི་གནད་དོན་ཞིག་ཡིན་པས་ཕྱི་ལོགས་ནས་ཐེ་བྱུས་བྱེད་མི་ཆོག་པ། ༧གོང་ས་མཆོག་ནི་ཆོས་ལུགས་ཀྱི་ལྭ་བའི་འོག་ནས་ཀྲུང་གོ་ལ་ངོ་རྒོལ་དང་ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་ཞིག་ཡིན་པ་དང་། དབུ་མའི་ལམ་དང་ཚད་མཐོའི་རང་སྐྱོང་ཟེར་བའི་དམིགས་ཡུལ་རང་བཙན་ཡིན་པ་སོགས་བརྗོད་འདུག་ལ། རྒྱལ་ཁབ་གཞན་གང་ཞིག་གི་གཞུང་འབྲེལ་ལས་བྱེད་ཚོས། རྣམ་པ་གང་འདྲ་ཞིག་གི་སྒོ་ནས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་བྱས་ཚེ། ཀྲུང་གོས་འདི་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་པ་དང་། ཅེག་གི་སྲིད་འཛིན་ཁོང་གིས། ཀྲུང་གོ་གཅིག་གི་སྲིད་བྱུས་ལ་གུས་ཞབས་བྱ་དགོས་སྐོར་སོགས་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།