ཆུ་ཚོད་༢༤ ནང་བལ་ཡུལ་གྱི་བློན་ཆེན་གསུམ་གྱིས་ལས་དགོངས་ཞུས་འདུག

བལ་ཡུལ་ནང་ལྐོག་ཟ་རུལ་སུངས་དང་དཔོན་རིགས་ཚོས་ཕྱོགས་ལྷུང་བྱས་ནས་གཞུང་གི་ལས་གནས་རྣམས་རང་གི་གཉེན་ཉེ་དང་ཕྱོགས་གཏོགས་ལ་སྤྲད་པ། དེ་བཞིན་ཉེ་ཆར་སྤྱི་ཚོགས་དྲ་རྒྱ་བཀག་འགོག་བྱས་པར་བརྟེན། རྒྱལ་ཡོངས་སུ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་བྱུང་པར་བརྟེན། སྲིད་བློན་དང་ནང་སྲིད་བློན་ཆེན་སོགས་ལས་གནས་ནས་དགོངས་པ་ཞུས་འདུག

པར། བྷི་བྷི་སི།

ཕྱི་ཚེས་༤ ཉིན། བལ་ཡུལ་གཞུང་གི་དྲིལ་བསྒྲགས་དང་བརྒྱུད་ལམ་ཚན་པས་(ministry of communication and information technology) དེང་སྐབས་དར་ཁྱབ་ཆེ་བའི་ངོ་དེབ་དང་ཡུ་ཊུབ་གཙོས་༼YOUTUBE༽སོགས་སྤྱི་ཚོགས་དྲ་རྒྱ་ཁྱོན་༢༦ བཀག་འགོག་བྱས་པའི་རྐྱེན་དང་།  དེ་བཞིན་བལ་ཡུལ་གཞུང་གི་འཕྲོད་བསྟེན་དང་ཤེས་རིག་གི་སྡེ་ཚན་ནང་ལྐོག་ཟ་རུལ་སུངས་བྱེད་མཁན་འགོ་ཁྲིད་ཧ་ཅང་མང་པོ་ཡོད་པའི་དབང་གིས་ཁ་སང་ཚེས་༨ ཉིན་ནས། བལ་ཡུལ་ནང་སློབ་ཕྲུག་དང་མི་མང་སྟོང་ཕྲག་མང་པོས་བལ་ཡུལ་གྱི་རྒྱལ་ས་(Kathmandu ) གཙོས་གྲོང་ཁྱེར་ཆེ་ཁག་གི་ནང་། ངོ་རྒོལ་གྱི་ལས་འགུལ་སྤེལ་འགོ་བཙུགས་འདུག 

དེ་རིང་ཚེས་༩ ཉིན། མི་མང་གི་ངོ་རྒོལ་གཞི་རྒྱ་ཆེ་རུ་ཕྱིན་ནས་བལ་ཡུལ་གཞུང་གི་དཔོན་རིགས་ཚོས་ཕྱོགས་ལྷུང་བྱས་ཏེ། རང་གི་བུ་ཕྲུག་དང་སྤུན་མཆེད་ཚོར་གཞུང་གི་ལས་གནས་རྣམས་སྤྲོད་ཀྱི་ཡོད་པ་ལས་མི་མང་དཀྱུལ་མ་ཚོ་ལ་ལས་ཀ་མི་རག་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་པར་བརྟེན་ངོ་རྒོལ་བྱེད་ཀྱི་ཡོད་འདུག

ཁ་སང་ངོ་རྒོལ་བ་ཚོས་གྲོས་ཚོགས་ཁང་དུ་བཙན་འཛུལ་བྱ་རྩིས་བྱེད་སྐབས། ཉེན་རྟོག་པས་མེ་མདའ་བརྒྱབ་པ་དང་མིག་ཆུ་འབྱིན་རྗས་འཕངས་པ། ཆུ་གཏོར་འཕྲུལ་འཁོར་བེད་སྤྱོད་གཏོང་བ། དབྱུག་པས་རྡུང་བ་སོགས་བྱས་ཤིང་། མི་མང་དང་ཉེན་རྟོག་པའི་བར་གདོང་ཐུག་བྱུང་ནས་མི་གྲངས་༡༩ ཡི་ཚེ་སྲོག་ཤོར་ཡོད་པ་མ་ཟད། མི་མང་བརྒྱ་ལྷག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག 

ངོ་རྒོལ་བྱེད་མཁན་གཙོ་བོ་ཕྱི་ལོ་༢༠༠༠ རྗེས་སྐྱེས་པའི་ན་གཞོན་ཕོ་མོ་ཚོ་ཡིན་འདུག། སྐབས་དེ་དུས་མི་མང་གི་འབོད་སྒྲ་ནི། ད་འདོད་པ་ཁེངས་པ་བྱོས། ལྐོག་ཟ་རུལ་སུངས་བྱེད་མཁན་ཚོ་འདོད་པ་ཁེངས་པ་བྱོས་ཞེས། བསྒྲགས་ནས་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་རུ་ཕྱིན་པར་བརྟེན།

ཁ་སང་དགོང་མོ་བལ་ཡུལ་དབུས་གཞུང་གིས་བློན་ཆེན་རྣམས་ཀྱིས་ཛ་དྲག་ཚོགས་འདུ་ཞིག་འཚོགས་ནས་སྤྱི་ཚོགས་དྲ་རྒྱ་བཀག་འགོག་བྱས་པའི་ཐག་གཅོད་དེ་མེད་པ་བཟོས་ཡོད་འདུག

པར། བྷི་བྷི་སི།

དེ་བཞིན་བལ་ཡུལ་གྱི་སྲིད་བློན་(KP Sharma Oli) ཡིས་བལ་ཡུལ་ནང་མི་བསད་དོན་རྐྱེན་ཚབས་ཆེན་དེ་འདྲ་བྱུང་བར་བློ་ཕམ་ཡོད་པ་དང་། གནད་དོན་དེ་དང་འབྲེལ་ནས་ཚོགས་ཆུང་གསར་འཛུགས་ཀྱིས་ཞིབ་བཤེར་ནན་ཏན་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག མི་མང་ཤི་སྐྱོན་བྱུང་བའི་ཁྱིམ་ཚང་རྣམས་ལ་གུན་གསབ་སྤྲོད་རྒྱུ་དང་། རྨས་སྐྱོན་ཕོག་པ་རྣམས་ལ་རིན་མེད་སྨན་བཅོས་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག 

དེ་རིང་མི་མང་ཁྲོད་སྲིད་བློན(KP Sharma Oli) ནི་མི་མང་གིས་དངུལ་ལྐོག་ས་རུལ་སུངས་བྱེད་མཁན་གཏེ་དཔོན་དེ་ཡིན་པ་བརྗོད་ནས། ཁོང་ལས་གནས་ནས་དགོངས་པ་ཞུ་དགོས་པའི་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན། དེ་རིང་སྲིད་བློན་དགོངས་པ་ཞུས་འདུག ཁ་སང་བལ་ཡུལ་གྱི་ནང་སྲིད་བློན་ཆེན་རཱ་མེ་ཤི་ལེ་ཁག་དང་། དེ་རིང་བལ་ཡུལ་གྱི་ཞིང་ལས་དང་ཕྱུགས་སྐྱོང་འཕེལ་རྒྱས་བློན་རམ་ནཱ་ཐ་ཨ་དྷི་ཀ་རི་གཉིས་ཀྱང་ལས་གནས་ནས་དགོངས་པ་ཞུས་འདུག 

སྤྱིར་བཏང་ཁ་སང་བལ་ཡུལ་ནང་ངོ་རྒོལ་རྒྱ་ཆེན་པོ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་བལ་ཡུལ་གཞུང་ནང་ལྐོག་ཟ་རུལ་སུངས་བྱེད་མཁན་ཧ་ཅང་མང་པོ་ཡོད་པའི་རྐྱེན་གྱིས་ཡིན་འདུག་ཀྱང་། བལ་ཡུལ་གཞུང་གིས་སྤྱི་ཚོགས་དྲ་རྒྱ་བཀག་འགོག་བྱས་པའི་རྐྱེན་གྱིས་མི་མང་གིས་ངོ་རྒོལ་བྱེད་ཀྱི་ཡོད་ཚུལ་བརྗོད་ནས་དངོས་ཡོད་ཀྱི་གནས་ཚུལ་ལ་ཁ་ཕྱོགས་བསྒྱུར་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་མཁན་མང་པོ་ཡོད་འདུག 

འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཚོས་ཉེ་ཆར་བལ་ཡུལ་ནང་སྤྱི་ཚོགས་དྲ་རྒྱ་བཀག་འགོག་བྱས་པ་ནི། སྨྲ་བརྗོད་རང་དབང་། དྲིལ་བསྒྲགས་རང་དབང་། གསར་འགོད་རང་དབང་སོགས་ལ་དོ་ཕོག་འགྲོ་ཉེན་ཆེན་པོ་ཡོད་པའི་སྐོར་གླེང་སློང་བྱེད་མཁན་མང་པོ་ཡོད་འདུག།

གསར་འགོག་པ། བསོད་ནམས་ཕུན་ཚོགས།