༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་གི་༧སྐུའི་གྱ་སྟོན་འཁྲུངས་སྐར་དུ་བརྟན་བཞུགས་བསྟར་འབུལ་ཞུས་འདུག
དཔལ་ལྡན་ས་སྐྱ་པའི་ཆབ་འབངས་ཡོངས་ཀྱིས་དཔལ་ས་སྐྱ་པ་ཆེན་པོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་༤༡ པ་ཆེན་པོ་མཆོག་གི་སྐུའི་གྱ་སྟོན་འཁྲུངས་སྐར་དུ་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་འདུག

ཕྱི་ལོ་༢༠༢༥ ཟླ་༩ ཚེས་༢༢ ཉིན། དཔལ་ལྡན་ས་སྐྱ་པའི་ཆབ་འབངས་ཡོངས་ཀྱིས་བྱེས་ཀྱི་གདན་ས་ར་ཇི་པུར་དཔལ་ལྡན་ས་སྐྱ་ཆོས་སྒར་དུ་དཔལ་ས་སྐྱ་པ་ཆེན་པོ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་༤༡ པ་ཆེན་པོ་མཆོག་གི་༧སྐུའི་གྱ་སྟོན་འཁྲུངས་སྐར་དུ་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་འདུག
སྐབས་དེར་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་༤༡ པ་ཆེན་པོ་མཆོག་གིས། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པ་གསུངས་ཡོད་པར་བརྟེན། བསྟན་བདག་བླ་ཆེན་རྣམ་པ་དང་། མཁས་པ་བླ་སྤྲུལ་ཚོ་དང་དགེ་འདུན་པ། དེ་བཞིན་མི་མང་བཅས་ནས་ལྷག་བསམ་དང་དད་མོས་རྩེ་གཅིག་དང་གཡོ་བ་མེད་པའི་ཐོག་ནས་བརྟན་བཞུགས་གཟབ་རྒྱས་གནང་བར་ཏན་ཏན་ནུས་པ་ཆེན་པོ་ཞིག་འཐོན་རྒྱུའི་ཡིད་ཆེས་ཡོད་ཅེས་བཀའ་བསྩལ་སོང་།
ཐེངས་འདིའི་བརྟན་བཞུགས་ལ་དཔལ་ས་སྐྱ་ཁྲི་འཛིན་ཞེ་གསུམ་པ་གཙོས་པའི་ཕུན་ཚོགས་དང་སྒྲོལ་མ་ཕོ་བྲང་གི་གདུང་སྲས་རྣམ་པ་དང་། དཔལ་ས་སྐྱ་པའི་མཁན་པོ་བླ་སྤྲུལ་དང་དགེ་འདུན་འདུས་མང་། དེ་བཞིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང་། ཀ་རྡོར་སྒང་གསུམ། བལ་ཡུལ་སོགས་ཕྱི་རྒྱལ་ཡུ་གྲུ་ཁག་དང་། དེ་བཞིན་སྤུ་རུ་ཝ་ལ་དང་ར་ཇི་པུར་ཁུལ་གྱི་དད་ལྡན་མི་མང་བཅས་ཁྱོན་བསྡོམས་སེར་སྐྱ་མི་གྲངས་༤༠༠ ཙམ་ནས་མཉམ་ཞུགས་གནང་ཡོད་འདུག
བརྟན་བཞུགས་ཀྱི་ཆེད་དུ་ཕྱི་ལོ་ ༢༠༢༥ ཕྱི་༩ ཚེས་༢༠ ནས་ཉིན་གཉིས་ཀྱི་རིང་། བྱེས་ཀྱི་གདན་ས་ར་པུར་དཔལ་ལྡན་ས་སྐྱ་ཆོས་སྒར་དུ་དཔལ་ལྡན་ས་སྐྱ་པའི་ཆབ་འབངས་ཡོངས་ཀྱི་གོ་སྒྲིག་འོག དཔལ་ས་སྐྱ་པ་ཆེན་པོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུའི་གྱ་སྟོན་འཁྲུངས་སྐར་བརྟན་བཞུགས་བསྟར་འབུལ་ཆེད་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒོ་ནས་སྒྲུབ་ཞག་མཛད་ཡོད་འདུག
ས་སྐྱ་བརྩེ་ཆེན་ཐེག་གསུམ་ཆོས་འཁོར་གླིང་གིས་ཆོས་བརྡ་ཞིག་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༡ ཉིན། ༧སྐྱབས་མགོན་དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་ཞལ་སྔ་ནས་གནས་མཆོག་རྡོ་རྗེ་གདན་༧དཔལ་ས་སྐྱ་བརྩེ་ཆེན་ཐེག་གསུམ་ཆོས་འཁོར་གླིང་དུ་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་དབང་ཆེན་བཀའ་དྲིན་བསྩལ་རྒྱུ་ཡིན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
