ཧི་མ་ཅལ་དུ་ཆར་ཞོད་རྐྱེན་པས་གོད་ཆག་བྱུང་བར་༸གོང་ས་མཆོག་གིས་ངལ་སེལ་རོགས་དངུལ་གནང་འདུག
འདི་ལོ་རྒྱ་གར་གྱི་ས་ཆ་མང་པོ་ཞིག་ལ་ཆར་ཞོད་རྐྱེན་པས་མི་རྒྱུ་གཉིས་ལ་གུད་ཆག་ཚབས་ཆེན་བྱུང་ཡོད་པ་དང་། ༸གོང་ས་མཆོག་ནས་ཧི་མ་ཅལ་མངའ་སྡེའི་ནང་ཡོད་པའི་སིམ་ལར་གནོད་སྐྱོན་ཚབས་ཆེན་ཕོག་པར་ཐུགས་གསོའི་གསུང་འཕྲིན་དང་། གདུང་སེམས་མཉམ་སྐྱེད་མཚོན་ཆེད་ངལ་སེལ་རོགས་དངུལ་གནང་འདུག

ཕྱི་ལོ་༢༠༢༥ ཟླ་བ་༡༠ ཚེས་༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ཐོག་ཏུ་གནས་ཚུལ་སྤེལ་དོན་ལ། སིམ་ལ་སྤྱི་ཁྱབ་ལྷག་པ་ཚེ་རིང་ལགས་ནས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སུཁ་བིནྡར་སིངྷ་སུ་ཁུ་ (Sukhvinder Singh Sukhu) ལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཧི་མ་ཅལ་མངའ་སྡེའི་ནང་ཆར་ཞོད་རྐྱེན་པས་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེ་ཕོག་པར་ཐུགས་གསོའི་གསུང་འཕྲིན་སྩལ་བ་དང་འབྲེལ། གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཧིན་སྒོར་༡༠༡༡༠༠།༠༠ དངུལ་འཛིན་ངོ་མ་ཆེད་བཅར་གྱིས་འབུལ་ལམ་ཞུས་ཡོད་འདུག
སིམ་ལ་སྤྱི་ཁྱབ་ལགས་ནས་ཉེ་ཆར་སྤྱི་ཁྱབ་བློན་ཆེན་མཆོག་གི་བུ་མོ་དབྱིན་ཡུལ་གྱི་མཐོ་སློབ་གྲགས་ཅན་ London School of Economic ནང་སློབ་འཇུག་བྱུང་བ་དང་། དེ་བཞིན་དབྱིན་ཡུལ་དུ་མཛད་འཕྲིན་བསྐྱངས་པ་ལ་དགའ་བསུའི་མཚམས་འདྲི་དང་། དེ་བཞིན་བོད་མིའི་ས་ཆའི་དཀའ་ངལ་ཁག་ལ་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། མུ་མཐུད་ས་ཆའི་དཀའ་སེལ་སོགས་རོགས་མགོན་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད་འདུག
བོད་མིའི་སྒྲིག་འཛུགས་ནས་འདི་ལོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༩༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དང་བསྟུན། བྱམས་བརྩེའི་ལོ་སྲུང་རྩི་ཞུ་གཏན་འཁེལ་བའི་སྐོར་དེ་སྔ་དཔལ་ལྡན་སྲིད་སྐྱོང་གིས་གསལ་བཤད་ཞུས་ཡོད་པ་དེ་དག སིམ་ལ་སྤྱི་ཁྱབ་ལགས་ནས་སླར་ཡང་དྲན་སྐུལ་གྱིས་ཕྱི་ལོ་༢༠༢༥ ཟླ་བ་༡༢ ཚེས་༡༠ ཉིན་གྱི་གཞུང་འབྲེལ་མཛད་སྒོར་སྐུ་མགྲོན་གཙོ་བོ་ཐོག་དྷ་སར་ཕེབས་གནང་ཡོང་བའི་འབོད་སྐུལ་ཞུས་པ་བཞིན་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཞལ་བཞེས་གནང་ཡོད་པ་བཅས་འཁོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།