ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་དབུ་འཛུགས་གནང་སོང་།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་དབུ་འཛུགས་གནང་སོང་ལ། ཐེངས་འདིའི་ཚོགས་ཐོག་ཏུ་རྒྱ་གར་བོད་རིག་པའི་མཁས་པ་རྒན་གཞོན་༣༠ ཙམ་མཉམ་ཞུགས་གནང་འདུག

པར། བོད་ཀྱི་བང་ཆེན།

ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༨ ཉིན་གྱི་སྔ་དྲོ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག དབུས་སྣེ་ལེན་ཁང་དུ་ཡོད་པའི་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དབུ་བཞུགས་ཐོག ཉིན་གྲངས་གཉིས་རིང་གི་རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་དེ་དབུ་འཛུགས་གནང་སོང་།
སྐབས་དེར་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྒྱ་གར་གྱི་གཞོན་སྐྱེས་ཚོ་དང་འབྲེལ་བ་དམ་ཟབ་ཡོང་རྒྱུ་དང་། མ་འོངས་པར་ཕུགས་རྒྱང་རིང་པོའི་ཐོག་བོད་ཀྱི་རྩ་དོན་ལ་ཕན་ཐོགས་ཡོང་རྒྱུར་དམིགས་ཡུལ་བཟུང་ནས་ཚོགས་འདུ་འདི་གོ་སྒྲིག་བྱེད་བཞིན་པ་དང་། ཚོགས་འདུ་དེ་གལ་ཆེན་ཡིན་ཚུལ་གསུངས་སོང་།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་གྱིས་ད་བར་རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་ཚོགས་ཡོད་པ་དང་། ད་ལྟའི་ཆར་རྒྱ་གར་ནང་བོད་རིག་པའི་མཁས་པ་ཞིག་ཡོད་ན། ཧ་ལམ་རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུའི་ནང་མ་ཞུགས་པ་ཡོད་མ་རེད་ཅེས་དང་། མ་འོངས་པར་ཚོགས་ཞུགས་པ་ཚོས་རྩོམ་ཞིག་བཏོན་པ་ཡིན་ན། རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་ཐོག་བཤད་མཁན་མང་དུ་འགྲོ་རྒྱུ་ཡིན་པ་སོགས་གསུངས་སོང་།
ཐེངས་འདིའི་ཚོགས་འདུ་ལ་འབུམ་རམས་པ་དང་འབུམ་རམས་པའི་སློབ་གཉེར་བ་བཅས་ཁྱོན་༢༣ དང་། མཁས་པ་གསུམ་དང་རྩོམ་རོགས་༼Co-Author༽ གསུམ་བཅས་ཁྱོན་༣༠ ཕེབས་ཡོད་འདུག ཁོང་རྣམས་ཀྱིས་དེ་རིང་དང་སང་ཉིན་བཅས། གཉིས་གྲངས་གཉིས་ཀྱི་རིང་བོད་དང་རྒྱ་གར་གྱི་འབྲེལ་ལམ། བོད་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འབྲེལ་བ། བོད་ཀྱི་ཁོར་ཡུག་གི་གལ་གནད། ཤེས་ཡོན་དང་ལོ་རྒྱུས་བཅས་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་རྒྱུ་རེད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།