ཝེ་ནེ་ཛུ་ལའི་མང་གཙོའི་ལས་འགུལ་གྱི་འགོ་ཁྲིད་བུད་མེད་ཅིག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་རྒྱུ་ཡིན་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱིས་ཕྱི་ལོ་༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་རྒྱུ་ལ་འབད་བརྩོན་རིམ་པ་བྱས་ཀྱང་། ཟླ་འདིའི་ཚེས་༡༠ ཉིན། ནོ་སྦེལ་གཟེངས་རྟགས་ཚོགས་པས་ཕྱི་ལོ་༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཝེ་ནེ་ཛུ་ལའི་ཆབ་སྲིད་པ་དང་མང་གཙོའི་ལས་འགུལ་གྱི་འགོ་ཁྲིད་བུད་མེད་Maria Corina Machado ལ་འབུལ་རྒྱུའི་གསལ་བསྒྲགས་སྤེལ་འདུག

གཟེངས་རྟགས་ཚོགས་པས་ཁོང་ནི་ཞི་བདེའི་དོན་དུ་སྙིང་སྟོབས་དང་ཆོད་སེམས་བརྟན་པོས་ལས་འགུལ་སྤེལ་མཁན་དང་། མུན་ནག་ཇེ་ཆེར་འགྲོ་བཞིན་པའི་དུས་སྐབས་འདིར་མང་གཙོའི་མེ་ལྕེ་མུ་མཐུད་དུ་སྤར་མཁན་གྱི་བུད་མེད་ཅིག་ལ་ངོས་འཛིན་བྱས།
ཁོང་གིས་ངལ་བ་ཁྱད་བསད་ཀྱིས་ཝེ་ནེ་ཛུ་ལའི་མི་མང་གི་མང་གཙོའི་ཐོབ་ཐང་གོང་སྤེལ་གཏོང་ཆེད་འབད་བརྩོན་རྒྱུན་མི་ཆད་པར་གནང་ཡོད་པ་དང་། སྲིད་དབང་སྒེར་འཛིན་གྱི་སྲིད་གཞུང་དེ་ཞི་བདེ་དང་དྲང་བདེན་གྱི་ལམ་ནས་མང་གཙོའི་སྲིད་གཞུང་དུ་བསྒྱུར་བར་འབད་བརྩོན་བྱས་ཡོད་པ་མ་ཟད། ཁོང་ནི་ཉེ་དུས་ལེ་ཊིན་ཨ་མི་རི་ཁའི་ནང་མི་སེར་གྱི་སྙིང་སྟོབས་ཀྱི་དཔེ་མཚོན་ཁྱད་པར་ཅན་ཞིག་ཡིན་པར་ངོས་འཛིན་གྱིས་བྱ་དགའ་འབུལ་རྒྱུ་ཡིན་ཞེས་བརྗོད་འདུག
ནོ་སྦེལ་གཟེངས་རྟགས་ཚོགས་པའི་ཚོགས་གཙོ་ཇོ་རྒན་ཝ་ཊི་ནེ་ཧྥ་རའི་ཌི་ནེ་སི་ (Jorgen Watne Frydnes) ཡིས། ལོ་རྒྱུས་རིང་པོའི་ནང་། ནོ་སྦེལ་གཟེངས་རྟགས་ཚོགས་པས་དྲག་གནོན་ལ་ངོ་རྒོལ་བྱེད་མཁན་གྱི་བུད་མེད་དང་སྐྱེས་པ་སྤོབས་པ་ཅན་མང་པོར་བྱ་དགའ་གནང་ཡོད་ཅེས་དང་། གཞོན་སྐྱེས་དེ་དག་གིས་བཙོན་ཁང་དང་ཁྲོམ་ལམ་སོགས་སུ་རང་དབང་གི་རེ་བ་བསྐྱར་གསོ་བྱས་པ་དང་། ཁོང་ཚོའི་བྱ་སྤྱོད་ཀྱིས་ཞི་བའི་འཐབ་རྩོད་ཀྱིས་འཛམ་གླིང་ལ་འགྱུར་བ་གཏོང་ཐུབ་པ་མཚོན་ཡོད་ཅེས་དང་།

ཕྱི་ལོ་༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཁོང་གིས་འདས་པའི་ལོ་ཤས་ནང་གབ་ནས་སྡོད་དགོས་བྱུང་ཡོད་པ་དང་། ཁོང་གི་ཚེ་སྲོག་ལ་ཉེན་ཁ་ཚབས་ཆེན་འཕྲད་ན་ཡང་། རྒྱལ་ཁབ་ནང་མུ་མཐུད་བཞུགས་ཡོད་པ་དེས་མི་ས་ཡ་མང་པོར་སེམས་ཤུགས་སྦྱིན་ཡོད་ཅེས་བརྗོད་འདུག
གཞན་ཡང་ཨ་རིའི་སྲིད་འཛིན་ཊོམ་གྱིས་རྒྱ་གར་དང་པ་ཀི་སི་ཐན་བར་གྱི་དམག་འཁྲུག་དང་། ཨི་རན་དང་ཨི་སི་རེལ་བར་གྱི་དམག་འཁྲུག ཨི་སི་རེལ་དང་ཧ་མ་སིའི་བར་དམག་འཁྲུག་མཚམས་འཇོག ཐེ་ལན་ཌི་དང་ཀམ་བྷོ་ཌི་ཡ་བར་གྱི་ས་མཚམས་ཀྱི་དཀའ་ངལ་སོགས། ཟླ་དགུའི་རིང་ཉུང་མཐར་ཡང་དམག་འཁྲུག་བརྒྱད་ཀྱི་དཀའ་ངལ་བསལ་ཡོད་པར་བརྟེན། ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཁོང་ལ་ཐོབ་འོས་ལུགས་བརྗོད་ཡོད།
ཨི་སི་རེལ་དང་པ་ཀི་སི་ཐན། དེ་བཞིན་ཀམ་བྷོ་ཌི་ཡ་བཅས་ཀྱིས་ཁོང་ལ་རྒྱབ་སྐྱོར་བྱས་ཀྱང་། རྒྱ་གར་གྱིས་ཁོས་པ་ཀི་སི་ཐན་དང་རྒྱ་གར་བར་གྱི་དམག་འཁྲུག་མཚམས་འཇོག་བྱས་པར་ཁས་ལེན་བྱས་མེད་པ་མ་ཟད། རྒྱ་གར་གྱིས་Operation Sindoor ཞེས་པ་ཀི་སི་ཐན་ལ་ཕར་རྒོལ་བྱས་རྗེས། མེ་འཕེན་མཚམས་འཇོག་བྱེད་པར་ཨ་རིའི་ནུས་པ་གང་ཡང་བཏོན་མེད་པའི་གསལ་བཤད་ཀྱང་བྱས།
ནོ་སྦེལ་གཟེངས་རྟགས་ཚོགས་པས། གཟེངས་རྟགས་སུ་ལ་འབུལ་རྒྱུ་ཡིན་པའི་གསལ་བསྒྲགས་མ་སྤེལ་གོང་། སྲིད་འཛིན་ཊོམ་གྱིས་གཟེངས་རྟགས་ཚོགས་པས་བྱ་དགའ་དེ་བྱ་བ་གཅིག་ཀྱང་མ་བསྒྲུབས་པའི་མི་ཞིག་ལ་སྤྲོད་ངེས་རེད་ཅེས་བརྗོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།