བོད་མིའི་དབུ་ཁྲིད་རྣམ་པས་ཉི་ཧོང་གི་སྲིད་བློན་གསར་པར་འཚམས་འདྲིའི་གསུང་འཕྲིན་ཁག་ཉི་ཧོང་དོན་གཅོད་ཀྱིས་ཕུལ་འདུག
ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༢༡ ཉིན། ལྕམ་སྐུ་ས་ན་ཨེ་ ཏ་ཀ་ཨི་ཆི་(Sanae Takaichi) མཆོག་ཉི་ཧོང་གི་བུད་མེད་སྲིད་བློན་ཐོག་མར་བདམས་ཐོན་བྱུང་བར་༧གོང་ས་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། སྲིད་སྐྱོང་སྤེན་པ་ཚེ་རིང་བཅས་ཀྱིས་དགའ་བསུའི་འཚམས་འཕྲིན་གནང་ཡོད་པ་རེད།
ཕྱི་ཟླ་༡༠ ཚེས་༣༠ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོས་ཉི་ཧོང་གི་གྲོས་ཚོགས་ཚོགས་ཁང་དུ་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཨེ་རི་ཀོ་ཡ་མ་ཏ་ནི་(Eriko Yamatani)དང་མཇལ་འཕྲད་ཀྱིས་༧གོང་ས་མཆོག་གིས་གཙོས་བོད་མིའི་དབུ་ཁྲིད་རྣམ་པས་ཕུལ་བའི་འཚམས་འདྲིའི་གསུང་འཕྲིན་ཁག་ཕུལ་ཡོད་འདུག།

༧གོང་ས་མཆོག་གི་འཚམས་འཕྲིན་ནང་། སྐུ་ཉིད་ཉི་ཧོང་གིས་བུད་མེད་སྲིད་བློན་ཐོག་མར་བདམས་པར་ངོས་རང་དགའ་པོ་བྱུང་། ངོས་ཀྱི་བརྩེ་བའི་ཨ་མ་ལགས་ནས་སྦྱངས་པའི་ཁྱད་ཆོས་ནི། བུད་མེད་རྣམས་གཞན་གྱི་ཚོར་སྣང་ལ་བྱམས་བརྩེ་ཆེ་བ་དང་ཚོར་སྣང་སྐྱེན་པོ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། དེར་བརྟེན་ངོས་ནས་འགོ་ཁྲིད་ཀྱི་ཁྲོད་དུ་བུད་མེད་ཇེ་མང་དུ་སོང་བ་ན། འཛམ་གླིང་འདི་བཞིན་སྔར་ལྷག་བསམ་ཤེས་དང་ཞི་བདེ་ལྡན་པ་ཞིག་ཏུ་འགྱུར་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་དང་།
སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱི་གསུང་འཕྲིན་ནང་། བོད་དང་། ཉི་ཧོང་དབར་ཐུན་མོང་ནང་ཆོས་དང་འབྲེལ་བའི་རིག་གཞུང་དང་། ཕན་ཚུན་གུས་བརྩི་བཅས་གཞི་རྩར་བཟུང་བའི་ཐོག་ནས་ད་བར་ལོ་རྒྱུས་དང་། རིག་གཞུང་། ཆོས་ཕྱོགས་བཅས་ཀྱི་འབྲེལ་བ་གཏིང་ཟབ་ཡོད་པ་དང་། ལྷག་པར་དུ་འདས་པའི་ལོ་ངོ་བཅུ་ཕྲག་དུ་མའི་རིང་ཉི་འོང་རྒྱལ་ཁབ་ནི་བོད་ཀྱི་བདེན་པའི་རྩ་དོན་ཐོག་གཡོ་བ་མེད་པར་རྒྱབ་སྐྱོར་གནང་མཁན་ཞིག་ཡིན། དེ་ལྟར་ཉི་ཧོང་གཞུང་མང་གཉིས་ནས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་བ་དེ་ང་ཚོར་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན།
ལྕམ་སྐུ་ཉིད་ཉི་ཧོང་གི་སྲིད་བློན་དུ་བདམས་ཐོན་བྱུང་བ་དེས། ཉི་ཧོང་མི་མང་དང་། སྐུ་ཉིད་ཀྱི་སྲིད་དོན་ཚོགས་པས་ཡིད་ཆེས་གདེང་འཇོག་ཆེན་པོ་གནང་གི་ཡོད་པ་མཚོན་ཐུབ། དུས་ཡུན་རིང་པོ་ནས་བཟུང་ཉི་ཧོང་རྒྱལ་ཁབ་ནི་རྒྱལ་སྤྱིའི་ནང་མང་གཙོ་དང་། ཞི་བདེ། གསར་གཏོད་ཐོག་ལ་མིག་དཔེ་བལྟ་ས་ཞིག་ཆགས་ཡོད། སྐུ་ཉིད་ཀྱི་དབུ་ཁྲིད་འོག ཉི་ཧོང་རྒྱལ་ཁབ་མུ་མཐུད་འཕེལ་རྒྱས་ཡོང་བ་དང་། དེ་བཞིན་ས་ཁུལ་བརྟན་བརླིང་དང་། རྒྱལ་སྤྱིའི་མཉམ་འབྲེལ་ཐོག་ནུས་པ་ཆེན་པོ་འདོན་ཐུབ་པའི་ཡིད་ཆེས་ཡོད་ཅེས་འཁོད་འདུག།
སྲིད་སྐྱོང་སྤེན་པ་ཚེ་རིང་གི་གསུང་འཕྲིན་ནང་། སྲིད་བློན་དམ་པ་ཤིན་ཛོ་ཨ་བྷེ་(Mr Shinzo Abe)མཆོག་གིས་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་དང་འབྲེལ། སྲིད་བློན་ལྕམ་སྐུ་ས་ན་ཨེ་ ཏ་ཀ་ཨི་ཆི་ (Sanae Takaichi) མཆོག་གིས་རྒྱུན་མཐུད་བོད་དང་ཉི་ཧོང་གི་མཛའ་འབྲེལ་གཏིང་ཟབ་ཏུ་གཏོང་རྒྱུར་འབད་བརྩོན་གནང་བར་བསྔགས་བརྗོད་ཞུས་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་སྐུ་ཉིད་ཀྱིས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་དང་བོད་ནང་བོད་མི་ཚོའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་འབོད་སྐུལ་རྒྱུན་མཐུད་གནང་བ་དེ་ནི་སྐུ་ཉིད་ཀྱི་བློ་སྟོབས་མཚོན་གྱི་ཡོད་ཅེས་དང་། སྐུ་ཉིད་ཀྱིས་རྒྱབ་སྐྱོར་ལས་ཉེ་ལམ་ཉི་ཧོང་དུ་བསྐོང་ཚོགས་གནང་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་ལེགས་གྲུབ་བྱུང་ཡོད་པར་སོང་། སྐུ་ཉིད་ལ་སྙིང་དབུས་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞེས་དང་།
ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་འཛམ་གླིང་ནང་བོད་དོན་རྒྱབ་སྐྱོར་སླད་ཚོགས་པ་ཆེ་ཤོས་ཤིག་དང་ཧུར་བརྩོན་ཆེ་ཤོས་གྲས་ཤིག་ཡིན་ཞིང་། ཉི་ཧོང་གི་ཆབ་སྲིད་ཚོགས་པ་མི་འདྲ་བའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་ཐོག་སེམས་འཁུར་དང་དྲང་བདེན་ལ་དགའ་ཞེན་ཡོད་པ་མཚོན་གྱི་ཡོད། དེ་ལྟ་བུའི་ཉི་ཧོང་གིས་རྒྱུན་མཐུད་རྒྱབ་སྐྱོར་ལ་བརྟེན་བོད་མིའི་སྙིང་སྟོབས་རྒྱུན་འཛིན་དང་བཙན་བྱོལ་ནང་གི་མང་གཙོའི་སྒྲིག་འཛུགས་སྲ་བརྟན་གནས་པར་ཤུགས་སྣོན་རྒྱག་བཞིན་ཡོད་པ། སྲིད་སྐྱོང་གིས་སྐུ་ཉིད་ཀྱིས་སྲིད་བློན་གནང་བའི་རིང་བོད་དང་ཉི་ཧོང་བར་མཛའ་འབྲེལ་སྔར་ལྷག་དམ་ཟབ་ཏུ་འགྲོ་རྒྱུ་དང་། དེ་བཞིན་ཉི་འོང་ནས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་སོགས་འཁོད་འདུག
གཞན་ཡང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོས་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཨེ་རི་ཀོ་ཡ་མ་ཏ་ནི་ལགས་དང་། སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཡཱ་མཱ་ཌ་ཧི་རཱོ་ཤི་ལགས་རྣམ་གཉིས་ལ་ཉེ་ལམ་རྒྱ་ནག་གཞུང་གིས་བོད་ནང་གི་དགོན་པའི་གྲྭ་ཤག་དང་། ཁྱིམ་ཚང་སོགས་ཀྱི་ནང་བཙན་གྱིས་སྔོག་བཤེར་བྱས་ཏེ། ༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱས་པ་ནི་ཁྲིམས་འགལ་ཡིན་ལུགས་བརྗོད་དེ་བཙན་འཕྲོག་བྱས་ཡོད་པའི་གནས་ཚུལ་དང་། དེ་བཞིན་བོད་ནང་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭའི་གནས་སྟངས་དང་འབྲེལ་སློབ་གྲྭའི་སློབ་ཕྲུག་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་ཁག་སྙན་སེང་ཞུས་པར། ཚོགས་གཙོ་ལྕམ་སྐུ་ཨེ་རི་ཀོ་ཡ་མ་ཏ་ནི་ལགས་དང་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཡཱ་མཱ་ཌ་ཧི་རཱོ་ཤི་ལགས་རྣམ་གཉིས་ཀྱིས་འཚམས་འཕྲིན་ཁག་སྲིད་བློན་ལྕམ་སྐུ་ས་ན་ཨེ་ཏ་ཀ་ཨི་ཆི་མཆོག་ལ་འབུལ་གནང་རྒྱུའི་ཁས་ལེན་གནང་ཞིང་། ༧གོང་ས་མཆོག་དང་བོད་མི་མང་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་ཞེས་གསུངས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
