སྲིད་སྐྱོང་གིས་ཨ་རིའི་བོད་དོན་དམིགས་གསལ་འབྲེལ་མཐུད་པ་ཟུར་པ་རྣམས་དང་མཇལ་འཕྲད།

ཕྱི་ཚེས་༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་༢༠༢༥ ཟླ་བ་༡༠ ཚེས་༣༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཨ་རིའི་བོད་དོན་དམིགས་གསལ་འབྲེལ་མཐུད་པ་ཟུར་པ་རྣམས་དང་ཐུག་འཕྲད་བྱས་ཡོད་འདུག

པར། བོད་མིའི་སྒྲིག་འཛུགས།


དེ་ཡང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ནི། ཕྱི་ལོ་༢༠༠༢ ལོའི་བོད་དོན་སྲིད་བྱུས་(Tibetan Policy Act of 2002)འོག་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བ་ཞིག་ཡིན་པ་དང་། གོ་གནས་འདི་ནི་བོད་མི་རྣམས་ལ་བོད་དོན་ཐོག་གྲོས་མོལ་དང་། འབྲེལ་མཐུད། ཞུ་གཏུག་བྱ་རྒྱུའི་བརྒྱུད་ལམ་གལ་ཆེན་པོ་ཞིག་ཡིན་འདུག དེ་བཞིན་བོད་དོན་དམིགས་བསལ་འབྲེལ་མཐུད་པས་བོད་མིའི་གཞི་རྩའི་ཐོབ་ཐང་དང་། བདེ་དོན་ལ་རྒྱབ་སྐྱོར་ཆེད་ཨ་རིའི་སྲིད་གཞུང་དང་མཉམ་འབྲེལ་གྱིས་འབད་བརྩོན་གནང་གི་ཡོད་འདུག མཇལ་འཕྲད་དེའི་སྐབས་སུ་ཨ་རིའི་གཞུང་རིམ་པ་ཁག་གི་སྐབས་སུ་བོད་དང་འབྲེལ་བའི་ལས་འགུལ་ཁག་ལ་ཕྱག་ལས་གནང་མྱོང་བའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟུར་པ་རྣམས་ཚང་མཛོམས་གནང་ཡོད་འདུག སྐབས་དེར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཐོག་མ་སྐུ་ཞབས་གྷེ་རེ་གྷོ་རི་ཀྲེག་ (Gregory Craig)དང་། ཨ་རིའི་སྲིད་འཛིན་བྷུ་ཤུ་སྐབས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་པཽ་ལཱ་དྷོ་བི་རིན་སི་ཀི་ (Paula Dobriansky) ཨ་རིའི་སྲིད་འཛིན་ཨོ་སྦ་མ་སྐབས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་མེ་རི་ཡ་ཨོ་ཊེ་རོ་(Maria Otero)སྲིད་འཛིན་བྷ་ཌིན་སྐབས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུཛ་ར་ཛི་ཡ་ (Uzra Zeya)བཅས་ལྷན་འཛོམས་གནང་ཡོད་འདུག
ཐེངས་འདིའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟུར་པ་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་ཐུག་འཕྲད་གནང་བ་ནི་ལོ་རྒྱུས་ལྡན་པ་ཞིག་ཏུ་གྱུར་ཡོད་པ་མ་ཟད། མཇལ་འཕྲད་འདི་བརྒྱུད་ཨ་རིའི་སྲིད་གཞུང་གིས་བོད་དོན་ཐོག་རྒྱབ་སྐྱོར་རྒྱུན་མཐུད་གནང་བཞིན་པ་མཚོན་གྱི་ཡོད་ཅེས་བརྗོད་འདུག 
གཞན་ཡང་སྐབས་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཁག་གཅིག་དང་། བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་བཅས་མཉམ་ཞུགས་གནང་ཡོད།།

གསར་འགོད་པ། བསོད་ནམས་ཕུན་ཚོགས།