འབྲུག་རྒྱལ་ཁབ་ཏུ་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དབུ་འཛུགས་གནང་བ།

བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་འབྲུག་ཡུལ་དུ་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཞེས་པའི་ནང་པའི་བླ་ཆེན་༡༡༥ ཙམ་དང་དད་ལྡན་པ་ཁྲི་བདུན་ཙམ་འཛོམས་ནས་སྨོན་ལམ་ཆེན་མོ་ཞིག་འཚོགས་བཞིན་འདུག


ཕྱི་ཟླ་༡༡ ཚེས་༤ ཉིན་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་གི་ངོ་དེབ་ཐོག་ཏུ་གནས་ཚུལ་སྤེལ་བ་དང་། གཞན་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༤ ནས་༡༩ བར་འབྲུག་ཡུལ་གྱི་རྒྱལ་ས་ཐིམ་ཕུག་ཏུ་འཚོགས་བཞིན་པའི་ནང་པའི་ཐེག་པ་སྤྱི་དང་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ལུགས་ཡོངས་རྫོགས་ཀྱི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོའི་ཐོག་ཏུ། འཛམ་གླིང་རྒྱལ་ཁབ་༡༣ ནས་ནང་པའི་བླ་ཆེན་ཁྱོན་༡༡༥ ཙམ་ཕེབས་ཡོད་འདུག སྨོན་ལམ་ཆེན་མོའི་དབུ་འབྱེད་མཛད་སྒོར་འབྲུག་གི་སྐྱབས་རྗེ་མཁན་པོ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་རིན་པོ་ཆེ་དབུ་བཞུགས་ཐོག དད་ལྡན་མི་མང་ཁྲི་བདུན་ཙམ་འཛོམས་ཡོད་འདུག བོད་ཀྱི་བླ་ཆེན་ཁོངས་ནས་གླིང་མཆོག་སྤྲུལ་རིན་པོ་ཆེ་དང་། ཏཱའི་སི་ཏུ་རིན་པོ་ཆེ། བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ། ཞེ་ཆེན་རབ་འབྱམས་རིན་པོ་ཆེ། སྨིན་གླིང་མཁན་ཆེན་རིན་པོ་ཆེ། ས་སྐྱའི་མཁོན་གདུང་ཨ་བྷི་ཀྲི་ཏ་རིན་པོ་ཆེ། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ། འབྲུག་པ་ཐུགས་སྲས་རིན་པོ་ཆེ། ཡོངས་དགེ་མི་འགྱུར་རིན་པོ་ཆེ། ཀ་ལུ་རིན་པོ་ཆེ། གཞན་ཡང་བླ་སྤྲུལ་དང་མཁས་དབང་མང་པོ་ཚོགས་ཞུགས་གནང་ཡོད་འདུག འབྲུག་ཡུལ་ནང་འཚོགས་བཞིན་པའི་འཛམ་གླིང་ཞི་བདེ་སྨོན་ལམ་ཆེན་མོ་དེ་ཐོག་མ་ཕྱི་ལོ་༢༠༠༠ ལོར་དབུ་འཛུགས་གནང་ཡོད་ཅིང་། འབྲུག་རྒྱལ་པོའི་དགོངས་དོན་ལྟར། དེང་གི་དུས་སུ་འཛམ་གླིང་གང་སར་དམག་འཁྲུག་དང་། ནད་ཡམས། དྲག་སྤྱོད་པས་གཏོར་རྒོལ་སོགས་ཀྱིས་འགྲོ་བ་སེམས་ཅན་རྣམས་ལ་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་པ་སེལ་ཐབས་ཆེད། ནང་པ་སངས་རྒྱས་པའི་ངོས་ནས་སྨོན་ལམ་ཆེན་མོ་དེ་འཚོགས་པ་ཞིག་ཡིན་འདུག
དེ་བཞིན་ཁ་སང་ཕྱི་ཚེས་༤ ཉིན་སྨོན་ལམ་གྱི་ཉིན་དང་པོར། འབྲུག་གི་སྐྱབས་རྗེ་མཁན་པོ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་རིན་པོ་ཆེ་དབུ་བཞུགས་འོག འབྲུག་གི་མཁན་བླ་སྤྲུལ་གཞན་རྣམས་ཀྱིས་སྨོན་ལམ་གསུང་འདོན་གནང་བ་དང་། དེ་རིང་ཕྱི་ཚེས་༥ ཉིན་སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་དབུ་བཞུགས་ཐོག བྱང་རྩེ་ཆོས་རྗེ་སྐྱབས་རྗེ་སྒོ་སོག་རིན་པོ་ཆེ་དང་། དགེ་ལུགས་པའི་བླ་ཆེན་རྣམ་པའི་སྨོན་ལམ་གསུང་རྒྱུ་ཡིན་པ་དང་། དེ་རྗེས་རིམ་བཞིན་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་། ནང་པའི་རྒྱལ་ཁབ་གཞན་གྱི་དབུ་བླ་ཁག་རེས་མོས་ཀྱིས་དབུ་བཞུགས་ཐོག ཟླ་འདིའི་ཕྱི་ཚེས་༡༠ བར་ཉིན་ལྟར་སྔ་དགོང་གཉིས་ལ་སྨོན་ལམ་གསུང་རྒྱུ་ཡིན་འདུག ཕྱི་ཚེས་༡༡ ཉིན་རྗེ་མཁན་པོ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་རིན་པོ་ཆེས་མི་མང་ལ་མཇལ་ཁ་གནང་རྒྱུ་དང་། དེ་བཞིན་ཕྱི་ཚེས་༡༢ ནས་༡༤ བར་རྗེ་མཁན་པོ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་རིན་པོ་ཆེས་གསང་སྔགས་བླ་མེད་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་རྒྱུ། ཚེས་༡༥ ནས་༡༩ བར་དགེ་སློང་མ་༢༥༠ ལྷག་གིས་སྡོམ་པ་བསྩལ་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།