སྲིད་སྐྱོང་དུ་ལང་མཁན་གཞན་མེད་དམ།
བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༧༤ ། ཕྱི་ལོ་༢༠༢༦ ལོ་ནི་བཙན་བྱོལ་བོད་མིའི་སྲིད་སྐྱོང་འོས་བསྡུའི་དུས་ཚིགས་ཆེན་པོ་ཞིག་ཏུ་འཁེལ་ཡོད་ཀྱང། ད་ལྟའི་ཆར་སྲིད་སྐྱོང་ལས་ཐོག་སྤེན་པ་ཚེ་རིང་ལ་འགྲན་སྡུར་བྱེད་མཁན་གྱི་སྲིད་སྐྱོང་འོས་མི་གཅིག་ཀྱང་མཐོང་རྒྱུ་མི་འདུག དེར་བརྟེན་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་༦༧ པའི་ནང་གསེས་༤ པའི་ནང་གསལ་བཞིན། “གལ་སྲིད་འོས་གཞི་གཅིག་ལས་མེད་པ་དང། དེ་ལ་སྔོན་འགྲོའི་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་༥༡ ལས་མི་ཉུང་བའི་རྒྱབ་སྐྱོར་ཐོབ་ཡོད་ཚེ་ཁ་གཏད་མེད་པའི་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ།”ཞེས་གསལ་བ་བཞིན་ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ཁ་གཏད་མེད་པའི་སྲིད་སྐྱོང་དུ་འདེམས་ཐོན་ཡོང་རྒྱུའི་གོ་སྐབས་ཆ་ཚང་འདུག གལ་སྲིད་འོས་བསྡུའི་ནང་མཉམ་ཞུགས་ཀྱིས་འོས་འཕེན་མཁན་ཉུང་ཤས་ཤིག་ལས་མ་བྱུང་བའི་དབང་དུ་བཏང་ཡང་གང་བྱུང་བ་དེའི་ཁྱོན་འབོར་གྱི་བརྒྱ་ཆ་༥༡ ལས་མི་ཉུང་བའི་འོས་ཤོག་ཐོབ་ཡོད་པ་དང། ཁ་གཏད་ལང་མཁན་གཏན་ནས་མེད་ན་སྲིད་སྐྱོང་རང་བཞིན་གྱིས་ཆགས་འགྲོ་བ་རེད།
དེ་བཞིན་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་ནང་“སྔོན་འགྲོའི་སྐབས་འོས་མི་གཅིག་ལ་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་༦༠ ཡན་ཐོབ་ཡོད་ཚེ་དངོས་གཞིའི་འོས་བསྡུའི་ལས་རིམ་འགྲོ་མི་དགོས་པར་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ་”ཞེས་འཁོད་ཡོད་པ་ལྟར། སྔོན་འགྲོའི་སྐབས་དམའ་མཐའི་ཆ་རྐྱེན་ཚང་ཙམ་ལས་འཇོན་ཐང་ཤེས་ཚད་དམིགས་བསལ་གང་ཡང་མེད་པའི་སྲིད་སྐྱོང་འོས་འགྲན་པར་རློམ་པ་རེ་ཟུང་ཡོད་སྲིད་ཀྱང། འོས་འགྲན་པ་གཅིག་ལ་སྔོན་འགྲོའི་འོས་ཤོག་ཁྱོན་འབོར་གྱི་བརྒྱ་༦༠ རག་ཡོད་ན་འོས་བསྡུ་དངོས་གཞིའི་ལས་རིམ་འགྲོ་མི་དགོས་པ་དེ་གསལ་པོ་འཁོད་ཡོད་པས། ད་ལྟའི་ཆར་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འགྲན་སྡུར་བྱེད་མཁན་འོས་བབས་ཡོད་པ་དེ་འདྲ་གང་ཡང་མཐོང་རྒྱུ་མེད་པར་བརྟེན། ཕྱི་ལོ་༢༠༢༦ ལོའི་སྲིད་སྐྱོང་འོས་བསྡུའི་རྒྱལ་ཁ་དེ་ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ཁོ་ནར་དབང་བ་ལྟ་བུ་ཡིན་པས། བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་གནས་སྟངས་ག་འདྲ་ཞིག་ཏུ་གྱུར་ཀྱང་བསྐྱར་དུ་ལོ་ལྔ་ལ་ཁོང་གིས་སྲིད་སྐྱོང་གནང་རྒྱུ་རེད།
ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྲིད་སྐྱོང་འོས་མིའི་ནང་འགྲན་སྡུར་བྱེད་མཁན་ཧ་ལམ་མེད་པ་དེའི་རྒྱུ་མཚན་གང་ལ་བརྟེན་ནས་བྱུང་བ་དང། དེ་ལ་བརྟེན་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དང། མང་གཙོའཕེལ་རྒྱས་ཀྱི་གནས་སྟངས། སྒྲིག་འཛུགས་ཀྱི་གནས་སྟངས་སོགས་སྤྱི་ཡོངས་ནས་བསམ་བློ་གཏོང་དགོས་པ་མང་པོ་ཞིག་རང་བཞིན་གྱིས་ཡོད། དེ་དག་ལས་ཀྱང་གཙོ་བོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་དང་འཇོན་ཐང་སོགས་གང་ཐད་ནས་མ་འོངས་པར་སྲིད་སྐྱོང་གི་ལས་གནས་དེ་གདེང་ཚོད་ཡོད་པའི་ཐོག་ནས་འཁུར་ཐུབ་བསམ་མཁན་གྱི་མི་སྣ་གཅིག་ཀྱང་མེད་པ་རེད་དམ། བོད་ཀྱི་རྩ་དོན་འཐབ་རྩོད་དང་བོད་མི་རིགས། བོད་མི་སྐྱབས་བཅོལ་བའི་བདེ་སྡུག་ལ་སེམས་ཁུར་གྱི་ཐོག་ནས་འགན་འཁུར་རྒྱུའི་འདོད་པ་ཡོད་མཁན་མེད་པ་རེད། ཡང་ན་ད་ལྟའི་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འགྲན་སྡུར་བྱས་ན་འོས་བསྡུའི་རྒྱལ་ཁ་འཐོབ་རྒྱུའི་རེ་བ་གཏན་ནས་མེད་པ་རེད། འདི་དག་ནི་སྐབས་འདིའི་དོགས་གཞིར་ངོས་འཛིན་བྱེད་དགོས་པ་ཞིག་རེད་དམ་མ་རེད།
ད་ལྟའི་ཆར་སྲིད་སྐྱོང་གི་འོས་མིར་ལང་མཁན་མེད་པའི་རྒྱུ་མཚན་གཙོ་བོ་གང་ཡིན་ཕྱོགས་ཡོངས་ནས་ཐག་བཅད་དེ་བཤད་དཀའ་ཡང། མིག་མདུན་དུ་ལྷགས་པའི་གནད་དོན་ཁ་ཤས་ཀྱི་ཐོག་ནས་དབྱེ་ཞིབ་བྱས་ན། དང་པོ། ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་མཐོ་དམན་བར་གསུམ་སེར་སྐྱ་ཚང་མས་དགྲ་གཉེན་ངོ་མི་ཤེས་པར་ནང་ཁུལ་འཐེན་འཁྱེར་ཙམ་ལས་དགྲ་བོ་རྒྱ་དམར་གཞུང་ལ་སྡང་སེམས་ཧ་ཅང་ཆུང་བ། གཉིས་པ། ནང་ཁུལ་དུ་མཐུན་ལམ་མེད་པས། ལས་དོན་གང་ཡིན་ཡང་གྲུབ་འབྲས་ཐོན་དཀའ་བ་དང། འགོ་ཁྲིད་ཅིག་ལ་གྲུབ་འབྲས་ཅུང་ཙམ་རེ་ཐོན་ཡང་ལོག་འགྲེལ་ཁོ་ན་ལས་ངོས་འཛིན་མེད་པ། གསུམ་པ། ཨ་རིའི་རོགས་དངུལ་ཆད་པ་མ་ཟད། ཁེ་ན་ཌ་སོགས་ཀྱི་རོགས་དངུལ་ཡང་ཧ་ལམ་ཆད་ཟིན་པ་སོགས་ཀྱིས་དུས་ཡུན་རིང་པོ་མི་འགོར་བར་བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ངེས་ཡིན་པ་བཅས་ནི་སྲིད་སྐྱོང་ཞིག་ལ་མཚོན་ན་གདོང་ལེན་ཧ་ཅང་བྱེད་དཀའ་བའི་གནད་དོན་ཡིན་པས་སྲིད་སྐྱོང་གི་འོས་མིར་ལང་མཁན་མེད་པར་རྒྱུ་མཚན་མེད་པ་མིན།
མདོར་ན་གོང་དུ་གསལ་བའི་གནད་དོན་ཚང་མའི་ནང་ནས་གཙོ་བོ་ནི་ནང་ཁུལ་མཐུན་ལམ་མེད་པའི་དཀའ་ངལ་དེ་ཡིན་པ་དང། འགོ་ཁྲིད་མཁན་དག་གིས་ཀྱང་བོད་སྤྱི་པའི་བདེ་སྡུག་ལ་བསམ་བློ་གང་ཡང་མི་གཏོང་བར། རང་ཉིད་ཀྱི་འོས་ཤོག་ཡོང་ཁུངས་ཁོ་ནའི་དགའ་ཕྱོགས་དང་བསྟུན་ནས་གཏམ་བཤད་བྱེད་པ་དང་ལས་དོན་སྒྲུབ་བཞིན་ཡོད་པས། དེང་སྐབས་ཆབ་སྲིད་ནང་འཛུལ་ཞུགས་བྱས་མ་ཐག་པ་དག་ལ་མཚོན་ན་ཤེས་ཡོན་ཡོད་མེད་དང། ལོ་ན་ཆེ་ཆུང་གིས་ཁྱད་པར་གང་ཡང་མེད་པར་ཕལ་ཆེ་བས་ཀྱང་རང་ཉིད་ཀྱི་མ་འོངས་པར་ཞབས་སྟེགས་སྲ་བརྟན་ཡོང་ཐབས་སུ་ཕྱོགས་ཁག་ཏུ་ཞུགས་རྒྱུར་ཧུར་བརྩོན་བྱེད་པ་ལས། རང་ཉིད་ཀྱི་ལྟ་ཚུལ་མཐོང་ཕྱོགས་གཙོ་བོར་འཛིན་མཁན་ནི་ཉིན་མོའི་སྐར་མ་ལྟར་དཀོན་པོ་ཡིན། ཆུ་ངན་ལམ་ཤོར་གྱི་དཔེ་བཞིན་མ་འོངས་པར་ཡང་བཅོས་བསྒྱུར་བྱ་རྒྱུ་དེ་ལས་སླ་པོ་ཞིག་གཏན་ནས་མིན། གཞན་ཡང་དཔལ་འབྱོར་སོགས་ཀྱི་དཀའ་ངལ་ནི་འབད་བརྩོན་ལ་བརྟེན་ནས་སེལ་ཐུབ་པ་ཞིག་ཡིན་པས། བཙན་བྱོལ་བོད་མིའི་ཚེ་སྲོག་དང་འབྲེལ་བའི་དཀའ་ངལ་ཞིག་གང་ཡང་མིན།།
