ཨ་རུ་ན་ཅལ་གྱི་བུད་མེད་ཅིག་ལ་རྒྱ་ནག་གི་གནམ་ཐང་དུ་དཀའ་ངལ་སྤྲད་པ།
རྒྱ་ནག་གིས་ཨ་རུ་ན་ཅལ་ནི་བོད་ལྷོ་ཕྱོགས་ཀྱི་ས་ཁུལ་ཞིག་ཡིན་པས། ཨ་རུ་ན་ཅལ་གྱི་ཡུལ་མི་ཚོ་རྒྱ་གར་གྱི་མི་སེར་མིན་པའི་ལྟ་སྟངས་ཤིག་འཛིན་གྱི་ཡོད་པར་བརྟེན། ཉེ་ཆར་ཨ་རུ་ན་ཅལ་ནས་ཡིན་པའི་བུད་མེད་ཅིག་ལ་རྒྱ་ནག་གི་མི་སེར་ལག་འཁྱེར་བཟོ་དགོས་ཚུལ་བཤད་ནས་ཆུ་ཚོད་༡༨ ཙམ་རིང་གནམ་ཐང་དུ་བཀག་འགོག་བྱས་ཡོད་པའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་འདུག

ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༢༥ ཉིན་(Oneindia)ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཕྱི་ཚེས་༢༡ ཉིན་དབྱིན་ཡུལ་དུ་གནས་སྡོད་བྱེད་བཞིན་པའི་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་ནས་ཡིན་པའི་བུད་མེད་མིང་ལ་པདྨ་དབང་འཛོམས་(Pema Wangzom)ཞེས་པ་དེ། དབྱིན་ཡུལ་ནས་ཉི་ཧོང་ལ་བསྐྱོད་སྐབས་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་གནམ་ཐང་དུ་གནམ་གྲུ་བརྗེ་བསྒྱུར་ཆེད་ཆུ་ཚོད་འགའ་ཤས་སྒུག་དགོས་ཀྱི་ཡོད་འདུག་པ་དང་། སྐབས་དེར་གནམ་ཐང་གི་ལས་བྱེད་ཚོས་མོའི་ལག་འཁྱེར་ནང་སྐྱེས་ཡུལ་ཨ་རུ་ན་ཅལ་འཁོད་པའི་རྐྱེན་གྱིས་བུད་མེད་དེ་རྒྱ་ནག་གི་མི་སེར་ཡིན་པ་དང་། ཨ་རུ་ན་ཅལ་ནི་རྒྱ་ནག་གི་ས་ཁུལ་ཡིན་ཚུལ་བརྗོད་ནས་ཆུ་ཚོད་༡༨ རིང་གནམ་ཐང་དུ་བཀག་ཉར་བྱས་འདུག
བུད་མེད་དེས་དྲྭ་ཐོག་ཏུ་གསལ་བཤད་ཀྱི་བརྙན་ཐུང་ཞིག་བཞག་འདུག་པ་དང་། བརྙན་ཐུང་དེའི་ནང་བརྗོད་དོན། རྒྱ་ནག་གི་ལས་བྱེད་ཚོས་མོའི་རྒྱ་གར་གྱི་མི་སེར་ལག་འཁྱེར་ལ་ངོས་ལེན་མ་བྱས་པར་རྒྱ་ནག་གི་མི་སེར་ལག་འཁྱེར་བཟོ་དགོས་ཚུལ་དང་། རྒྱ་གར་གྱི་མི་སེར་ལག་འཁྱེར་དེས་འགྲིག་གི་མེད་པ། དེ་བཞིན་ཨ་རུ་ན་ཅལ་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་སོགས་བཤད་ནས་དུས་ཚོད་རིང་པོར་གནམ་ཐང་དུ་བཀག་བྱུང་ཞེས་བརྗོད་འདུག དེ་བཞིན་བུད་མེད་དེས་སྤྱི་ཚོགས་དྲྭ་ལམ་ (X) ཐོག་ཏུ་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་དང་། རྒྱ་གར་གྱི་སྲིད་བློན་གཉིས་ལ་ཞུ་ཡིག་ཅིག་བཞག་འདུག་ཅིང་། ཡི་གེ་དེའི་ནང་ཕྱི་ཚེས་༢༡ ཉིན་མོ་རྒྱ་ནག་གི་ཧྲང་ཧེ་གནམ་ཐང་དུ་མོ་རང་ཆུ་ཚོད་༡༨ རིང་བཀག་པ་དང་། ཁོང་ཨ་རུ་ན་ཅལ་ནས་ཡིན་པའི་རྐྱེན་གྱིས་རྒྱ་གར་གྱི་མི་སེར་མིན་ཚུལ་དང་། ཨ་རུ་ན་ཅལ་ནི་རྒྱ་ནག་གི་ཡིན་ཚུལ། རྒྱ་གར་གྱི་མི་སེར་ལག་འཁྱེར་དེ་བེད་སྤྱོད་མེད་ཚུལ་སོགས་བརྗོད་བྱུང་ཞེས་བཀོད་འདུག
དོན་རྐྱེན་དེའི་རྗེས་སུ་བུད་མེད་དེའི་ཉི་ཧོང་དུ་བསྐྱོད་མཁན་གྱི་གནམ་གྲུ་དེ་ཤོར་ཡོད་འདུག་པ་དང་། གནམ་གྲུའི་འཛིན་བྱང་བསྐྱར་དུ་ཉོ་མ་ཐུབ་པར་དུས་ཡུན་རིང་པོ་གནམ་ཐང་དུ་ལུས་འདུག གལ་ཏེ་ཁོང་མོས་རྒྱ་ནག་མཁའ་འགྲུལ་ཁང་ནས་འཛིན་བྱང་བསྐྱར་དུ་མ་ཉོས་ཚེ། ཕྱི་སྐྱོད་ལག་ཁྱེར་ཕྱིར་སྤྲོད་རྒྱུ་མིན་ལུགས་ཀྱི་འཇིགས་སྐུལ་བྱས་འདུག་ཀྱང་། དབྱིན་ཡུལ་དུ་གནས་སྡོད་ཁོང་གི་གྲོགས་མོ་ཞིག་གིས་ཧྲང་ཧེ་གྲོང་ཁྱེར་དུ་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་གི་ལས་བྱེད་ལ་འབྲེལ་བ་བྱས་ཏེ་མཐའ་མར་ཕྱིར་ཐོན་ཐུབ་ཙམ་བྱུང་ཡོད་འདུག
གནད་དོན་དེ་བྱུང་རྗེས་བུད་མེད་དེས་རྒྱ་གར་གྱི་སྲིད་བློན་དང་གཞན་གནད་ཡོད་མི་སྣ་ཁག་ཅིག་ལ་ཞུ་ཡིག་ཕུལ་ཡོད་འདུག་ཅིང་། ཞུ་ཡིག་དེའི་ནང་རྒྱ་ནག་གི་བྱ་སྤྱོད་དེ་ནི་ཐད་ཀར་རྒྱ་གར་དང་རྒྱ་གར་གྱི་མི་སེར་ལ་མཐོང་ཆུང་དང་དམའ་འབེབས་བྱས་པ་ཞིག་ཡིན་པས། རྒྱ་གར་གཞུང་གི་ངོས་ནས་རྒྱ་ནག་དང་ལྷན་དུ་གནད་དོན་དེ་གླེང་སློང་བྱས་ནས་གནམ་ཐང་གི་ལས་བྱེད་དེ་དག་ལ་ཉེས་ཆད་གཅོད་དགོས་པ་དང་། མ་འོངས་པར་རྒྱ་གར་གྱི་མི་སེར་ཚོ་རྒྱལ་སྤྱིའི་ཐོག་ཏུ་འགྲུལ་བཞུད་བྱེད་སྐབས་དཀའ་ངལ་མི་འཕྲད་པའི་ཆེད་དུ་གཞུང་གིས་འགན་འཁུར་དགོས་པའི་རེ་བ་བཏོན་འདུག
ད་བར་རྒྱ་གར་གཞུང་འབྲེལ་གྱི་ངོས་ནས་ལན་འདེབས་གང་ཡང་བྱས་མི་འདུག་ལ། རྒྱ་དཀར་ནག་གཉིས་བར་ཨ་རུ་ན་ཅལ་མངའ་སྡེ་དང་འབྲེལ་ནས་རྩོད་རྙོག་དུ་མ་ཡོང་གི་ཡོད། དཔེར་ན་ལོ་འདིའི་སྔ་སྟོད་དུ་རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་ནི་བོད་ཀྱི་ལྷོ་ཕྱོགས་ཀྱི་ས་ཁུལ་ཞིག་ཡིན་ཚུལ་བཤད་ནས་དེའི་ཁུལ་གྱི་ས་ཆ་༢༧ ལ་མིང་གསར་པ་བཏགས་པའི་རྐྱེན་གྱིས་རྒྱ་དཀར་ནག་གཉིས་བར་རྩོད་རྙོག་ཆེན་པོ་བྱུང་ཡོད།
ཐེངས་འདིའི་གནད་དོན་དེ་དང་པོ་མིན་པ་དང་། ཕྱི་ལོ་༢༠༢༢ ལོར་རྒྱ་ནག་ནང་ཨེ་ཤི་ཡའི་རྩེད་འགྲན་སྐབས་ཉི་མ་དབང་ཕྱུག་དང་། ཨོ་ནི་ལུ་ཏེ་གྷ་(Onilu Tega)། མི་པུང་ལམ་གུ་ (Mepung Lamgu) བཅས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེ་ནས་ཡིན་པའི་བུད་མེད་ལུས་རྩལ་བ་གསུམ་གྱིས་རྒྱ་གར་གྱི་སྐུ་ཚབ་བྱས་ཏེ་རྩེད་འགྲན་ནང་ཞུགས་རྩིས་བྱེད་སྐབས། རྒྱ་ནག་གིས་ཐོངས་མཆན་མ་སྤྲད་པར་དཀའ་ངལ་འཕྲད་པ་སོགས། ད་བར་ཨ་རུ་ན་ཅལ་མངའ་སྡེའི་མི་སེར་ཚོར་རྒྱ་ནག་གིས་དཀའ་ངལ་དུ་མ་ཞིག་སྤྲད་མྱོང་ཡོད་པ་རེད།།
གསར་འགོད་པ། བསོད་ནམས་ཕུན་ཚོགས།
