ཡུ་རོབ་གྲོས་ཚོགས་འཐུས་མིས་ཁམས་རྫ་ཆུ་ཁར་གཏེར་ཁ་སྔོག་འདོན་དང་འབྲེལ་བའི་བསྒྲགས་གཏམ།

ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ཐོག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཚེས་༡༩ ཉིན་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཉེ་ཆར་ཕྱི་ཟླ་༡༡ ནང་ཁམས་རྫ་ཆུ་ཁར་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད་པར་བརྟེན། དེ་ལ་མི་མང་གིས་ངོ་རྒོལ་བྱས་པས་ས་གནས་བོད་མི་༨༠ ཙམ་ལ་འཛིན་བཟུང་བཙན་ཁྲིད་དང་། འབྲེལ་ལམ་དམ་དྲག་བྱས་པའི་ཛ་དྲག་གི་གནས་ཚུལ་དེར་སེམས་འཚབ་ཡོད་པའི་བསྒྲགས་གཏམ་ཞིག་སྤེལ་ཡོད་འདུག

པར། བོད་མིའི་སྒྲིག་འཛུགས།

དེ་ཡང་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་རྣམ་གཉིས་ཀྱིས་བོད་ནང་ཁོར་ཡུག་སྲུང་སྐྱོབ་ཆེད་བོད་མི་རྣམས་ནས་ཞི་བའི་ངོ་རྒོལ་བྱས་པ་དེར་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་ལག་བསྟར་བྱས་པར་སྐྱོན་བརྗོད་དང་སྦྲགས། བོད་མི་རྣམས་ཀྱི་གཞི་རྩའི་ཐོབ་ཐང་དང་། ལྷག་པར་སྨྲ་བརྗོད་རང་དབང་། ཞི་བའི་འདུ་འཛོམས། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་རང་དབང་ལ་རྡོག་རོལ་གཏོང་བཞིན་ཡོད་པར་ངོས་འཛིན་གནང་འདུག
བསྒྲགས་གཏམ་དེས་རྒྱ་ནག་གཞུང་གི་གཉའ་གནོན་ཅན་གྱི་བྱ་སྤྱོད་དེར་སྐྱོན་བརྗོད་གནང་གི་ཡོད་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གནས་སྟངས་དེ་མྱུར་དུ་ཞི་འཇམ་བཟོ་དགོས་པའི་ནན་སྐུལ་དང་། ཞི་བའི་ངང་ནས་ཐོབ་ཐང་སྤྱོད་པ་ཙམ་གྱིས་བཙོན་འཇུག་བྱས་པ་རྣམས་གློད་བཀྲོལ་དགོས་པ་དང་། ཞི་བའི་ངོ་རྒོལ་བ་ཚོར་བཙན་དབང་གི་ཐབས་ལམ་ལག་བསྟར་བྱས་པ་དེ་དག་མཚམས་འཇོག་དགོས་པ། གནས་སྟངས་དེ་ཁ་གསལ་ཡོང་སླད་རང་དབང་རྟོག་ཞིབ་དགོས་པ་དང་། སྐབས་དེར་གནོད་སྐྱོན་ཕོག་པའི་བོད་མི་དང་ལྷན་གོ་བསྡུར་དགོས་པ་ནན་བརྗོད་དང་འབྲེལ། དེ་འདྲའི་གནས་སྟངས་འགོག་ཐབས་དང་། བདེ་འཇགས་ལས་ཁུངས་དང་ས་གནས་ཀྱི་གནད་ཡོད་མི་སྣའི་བྱ་སྤྱོད་ལ་འགན་འཁྲི་ཡོང་སླད་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་ལ་གུས་བརྩི་དགོས་ཞེས་དང་། ཡུ་རོབ་གྲོས་ཚོགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྒྱབ་སྐྱོར་བསྐྱར་ནན་དང་སྦྲགས། ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་མིར་གདུང་སེམས་མཉམ་སྐྱེད་ཡོད་པ་དང་། རྒྱ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་འོག་འགན་འཁྲི་འཁུར་དགོས་པ། བོད་པའི་ས་གཞི་དང་། རིག་གཞུང་། སྲོལ་རྒྱུན་འཚོ་གནས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་ཞེས་དང།
སྦེལ་ཇམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་གྱིས་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་རྣམ་གཉིས་ཀྱིས་ཚོགས་པའི་ཚབ་ཞུས་ཏེ་བསྒྲགས་གཏམ་དེ་སྤེལ་བར་འཚམས་འདྲི་ཞུས་གནང་བ་དང་ཆབས་ཅིག ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་གནང་བར་ཐུགས་རྗེ་ཆེ་ཞུས་ཞུས་པ་དང། བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། ཁོར་ཡུག་ལ་གནོད་སྐྱོན་ཇེ་ཆེར་གཏོང་བཞིན་པའི་སྐབས་རྒྱལ་སྤྱིའི་གཞི་རྩའི་འབྲེལ་ལམ་དགོས་གལ་ཡིན་པ་མ་ཟད། བོད་པའི་སྤྱི་ཚོགས་སྲུང་སྐྱོབ་དང་། ཁྲིམས་འགལ་བྱེད་མཁན་རྣམས་ཀྱི་འགན་འཁྲི་རྩད་གཅོད་དགོས་པ། དེ་བཞིན་བོད་མི་རྣམས་ཀྱི་རང་གི་ས་གཞི་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འབོད་སྐུལ་དེར་གུས་བརྩི་ཡོང་ཆེད་ལག་བསྟར་གནང་དགོས་པའི་ནན་བརྗོད་གནང་ཡོད་འདུག །

གསར་འགོད་པ། བསོད་ནམས་ཕུན་ཚོགས།