རྒྱ་གར་དང་བྷང་ལ་དྷེ་ཤི་གཉིས་མི་མཐུན་པའི་དཀའ་ངལ་ཆེན་པོ་འཕྲད་འདུག
བྷང་ལ་དྷེ་ཤིའི་ནང་ཡོད་པའི་ཧིན་དུ་གྲངས་ཉུང་མི་རིགས་རྣམས་ལ་ཁ་ཆེ་མི་རིགས་ཀྱིས་དབྱེ་འབྱེད་དང་དཀའ་ངལ་ཆེན་པོ་སྤྲོད་ཀྱི་ཡོད་ཚུལ་འདུག་པ་དང་། ཉེ་ཆར་ཧིན་དུའི་ཕོ་གསར་ཞིག་བསད་པའི་རྐྱེན་གྱིས་རྒྱལ་ཁབ་གཉིས་ནང་ཡོད་པའི་མི་མང་ཁྲོད་ཕྱོགས་གཉིས་བར་མི་དགའ་བའི་རྣམ་པ་ཤུགས་ཆེན་པོ་ཐོན་བཞིན་ཡོད་འདུག

ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༢༤ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་སྔོན་མར་བྷང་ལ་དྷེ་ཤིའི་བྱང་ཕྱོགས་ཀྱི་(Mymensingh)ཟེར་བའི་ས་ཆ་ཞིག་ཏུ་ཧིན་དུ་གྲངས་ཉུང་མི་རིགས་ཀྱི་ཕོ་གསར་རང་ལོ་༢༧ ཅན་ཞིག་ལ་ཁ་ཆེ་ཚོས་རུབ་རྡུང་བྱས་ནས་བསད་ཡོད་ཅིང་། རྒྱུ་མཚན་དེ་ལ་བརྟེན་ནས་རྒྱ་གར་ནང་ཧིན་དུ་མི་རིགས་ཚོས་བྷང་ལ་དྷེ་ཤིའི་ནང་ཧིན་དུའི་གྲངས་ཉུང་མི་རིགས་ཚོ་ལ་བརྙས་བཅོས་དང་དབྱེ་འབྱེད་བྱེད་བཞིན་པ་ནི་ཧ་ཅང་བཟོད་ཐབས་བྲལ་བ་ཞིག་ཡིན་པས། ངེས་པར་དུ་མཚམས་འཇོག་བྱེད་དགོས་པའི་ངོ་རྒོལ་དང་སྐད་འབོད་བྱེད་ཀྱི་ཡོད་འདུག
སྤྱིར་བཏང་ལོ་སྔོན་མར་བྷང་ལ་དྷེ་ཤིའི་སྲིད་བློན་ཟུར་པ་ཤེ་ཁ་ཧཱ་སི་ནཱ་(Sheikh Hasina)གོ་གནས་ནས་མི་མང་གིས་ངོ་རྒོལ་བྱས་ཏེ་ཕྱིར་འབུད་བཏང་རྗེས། རྒྱ་གར་ནང་བྲོས་བྱོལ་དུ་ཕྱིན་ནས་ད་ལྟ་རྒྱ་གར་ནང་ཡོད་ཅིང་། རྒྱུ་མཚན་དེ་ལ་བརྟེན་ནས་རྒྱལ་ཁབ་གཉིས་བར་སྔར་ལས་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་འདུག སྲིད་བློན་ཟུར་པ་བུད་མེད་ཁོང་གིས་འདས་པའི་མི་ལོ་༡༥ རིང་སྲིད་བློན་གྱི་གོ་གནས་བཟུང་བའི་རིང་རྒྱ་གར་གྱིས་མོ་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་ཚུལ་དང་། མོ་སྲིད་བློན་བྱས་པའི་རིང་བྷང་ལ་དྷེ་ཤིའི་ནང་འགྲོ་བ་མིའི་ཐོབ་ཐང་སྡུག་ཏུ་བཏང་བ། ལྐོག་ཟ་རུལ་སུངས་བྱས་པ། ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་མང་པོ་ཞིག་གར་སོང་ཆ་མེད་དུ་བཏང་བ་སོགས་ཀྱིས་མི་མང་ལ་དཀའ་ངལ་ཆེན་པོ་འཕྲད་ནས་མི་མང་གི་ཡར་ལངས་ཆེན་པོ་བྱས་ཏེ་སྲིད་བློན་དེ་གོ་གནས་ནས་ཕྱིར་འབུད་བཏང་ཡོད་འདུག
དེ་བཞིན་འདི་ལོ་ཕྱི་ཟླ་༡༡ ནང་བྷང་ལ་དྷེ་ཤིའི་ནང་སྲིད་བློན་ཟུར་པ་ཤེ་ཁ་ཧཱ་སི་ནཱ་ཡིས་དེ་སྔོན་ཕྱི་ལོ་༢༠༢༤ ནང་སློབ་ཕྲུག་གིས་གཞི་རྒྱ་ཆེ་བའི་ངོ་རྒོལ་ཁྲོད་མི་རིགས་སྡེབ་གསོད་བྱས་ཡོད་མེད་སྐོར་གྱི་ཆེད་བཙུགས་ཞིབ་བཤེར་ཚོགས་ཆུང་ (Bangladesh International Crimes Tribunal) གིས་ཞིབ་བཤེར་བྱས་རྗེས། སྲིད་བློན་ཟུར་པས་མི་རིགས་སྡེབ་གསོད་ཀྱི་ནག་ཉེས་བསགས་ཡོད་པའི་ཉེས་མིང་འོག་ཁོང་ལ་ཉེ་ཆར་སྲོག་ཁྲིམས་ཀྱི་ཉེས་ཆད་བཅད་ཡོད་པའི་ཁྱབ་བསྒྲགས་བྱས་ཡོད།
ད་ཆར་བྷང་ལ་དྷེ་ཤིའི་འགོ་ཁྲིད་ཚོས་བུད་མེད་སྲིད་བློན་ཟུར་པ་ཁོང་ཕྱིར་བྷང་ལ་དྷེ་ཤི་ལ་རྩིས་སྤྲོད་དགོས་ཚུལ་བརྗོད་མཁན་མང་པོ་ཡོད་འདུག་ལ། ཉེ་ཆར་དྲ་ཐོག་ཏུ་ཁྱབ་པའི་གནས་ཚུལ་ཞིག་ལ། རྒྱ་གར་གྱི་དཔོན་རིགས་ཁྲོད་བུད་མེད་དེ་ཕྱིར་བྷང་ལ་དྷེ་ཤི་གཞུང་ལ་རྩིས་སྤྲོད་དགོས་ཚུལ་བརྗོད་མཁན་འདུག་ཀྱང་། དཔོན་རིགས་བུད་མེད་ཅིག་གིས་མོ་ཕྱིར་རྩིས་སྤྲད་ན་མི་འགྲིགས་ཚུལ་དང་། དེ་ནི་རྒྱ་གར་གྱི་ཕྱི་འབྲེལ་གྱི་སྲིད་བྱུས་མིན་ཚུལ། དཔེར་ན་ ༸གོང་ས་མཆོག་ཁོང་ཡང་རང་གི་རྒྱལ་ཁབ་ནང་གཞན་གྱིས་བཙན་འཛུལ་བྱས་ནས་བྲོས་བྱོལ་དུ་ཡོང་དགོས་བྱུང་ནས་ད་ཆར་ལོ་༦༠ ལྷག་ཙམ་འགྲོ་བཞིན་ཡོད་ཀྱང་། ཁོང་རྒྱ་གར་ནང་ད་དུང་བཞུགས་ཡོད། དགོས་པའི་དུས་སུ་གྲོགས་པོས་ཕན་ཐོགས་ན་དེ་ནི་གྲོགས་པོ་བཟང་པོ་རེད་ཅེས་བརྗོད་པའི་བརྙན་ཞིག་འདུག
རྒྱུ་མཚན་དེ་ཚོ་ལ་བརྟེན་ནས་བདུན་ཕྲག་སྔོན་མ་བྷང་ལ་དྷེ་ཤིའི་ནང་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་དང་། གཏོར་རྒོལ་བྱས་ཡོད་འདུག་ལ། བྷང་ལ་དྷེ་ཤིའི་གཞུང་གིས་བདེ་སྲུང་དམག་མི་བཏང་ནས་ངོ་རྒོལ་བ་༡༢ འཛིན་བཟུང་བྱེད་དགོས་བྱུང་འདུག དེ་བཞིན་ལྡི་ལིའི་ནང་ཧིན་དུ་མི་རིགས་ཚོས་ངོ་རྒོལ་ཆེན་པོ་བྱས་འདུག
ཐེངས་འདིའི་རྒྱལ་ཁབ་གཉིས་བར་རྩོད་རྙོག་ཡོང་དོན་གཅིག་ནི་ཉེ་ཆར་ཧིན་དུའི་ཕོ་གསར་ཞིག་གིས་ཁ་ཆེའི་ཕོ་ཉ་(Prophet Muhammad)ཞེས་པ་དེ་ལ་དམའ་འབེབས་བྱས་སོང་བརྗོད་ནས་ཁོང་མི་མང་གིས་རུབ་རྡུང་བྱས་ནས་བསད་ཡོད་འདུག་ལ། མཐར་ཁོང་གི་ཕུང་པོ་མེར་བསྲེགས་བྱས་ཡོད་འདུག་པས། དོན་རྐྱེན་དེའི་བརྙན་ཞིག་དྲ་ཐོག་ཏུ་ཁྱབ་ནས་རྩོད་རྙོག་དེ་ཆེ་རུ་ཕྱིན་ཡོད་འདུག རྒྱུ་མཚན་དེ་ལ་བརྟེན་ནས་བྷང་ལ་དྷེ་ཤིའི་ནང་ཡོད་པའི་ཧིན་དུ་གྲངས་ཉུང་མི་རིགས་ཚོ་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་ཚོས་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་འདུག
འོན་ཀྱང་། བྷང་ལ་དྷེ་ཤིའི་བར་བརྒལ་སྲིད་གཞུང་གི་སྲིད་བློན་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་(Muhammad Yunus)ཡིས་བྷང་ལ་དྷེ་ཤི་གསར་པའི་ནང་དྲག་པོ་འགྲོ་ས་མེད་ཅིང་། དྲག་པོའི་བྱ་སྤྱོད་སྤེལ་མཁན་ཚོ་འདུག་ས་མེད་ཅེས་བརྗོད་འདུག རྒྱ་གར་གྱི་འགོ་ཁྲིད་ཚོས་བྷང་ལ་དྷེ་ཤི་དང་རྒྱ་གར་གཉིས་བར་འབྲེལ་ལམ་ཞི་འཇམ་གནས་དགོས་རྒྱུ་ནི་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཁག་གི་བདེ་འཇགས་དང་འབྲེལ་བ་ཆེན་པོ་ཡོད་པས། རྩོད་རྙོག་དེ་ཆེ་རུ་མི་འགྲོ་བའི་སྟངས་འཛིན་ཡག་པོ་བྱེད་དགོས་པ་བརྗོད་ཀྱི་ཡོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།
