ལོ་སུམ་ཅུའི་རྗེས་ཀྱི་བཙན་བྱོལ་བ།

བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༨༠།

ཕྱི་ལོ་༢༠༢༦ འཆར་ལ་ཉེ་ཞིང་མ་འོངས་པར་མི་ལོ་སུམ་ཅུ་ཙམ་སོང་བའི་རྗེས། ཕྱི་ལོ་༢༠༥༦ ལོའི་སྐབས་སུ་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་མུ་མཐུད་དུ་ལྷག་ཡོད་ན། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་དེ་ག་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་མིན་ད་ལྟ་ནས་བསམ་བློ་གཏོང་དགོས་པ་ཞིག་རེད་ལ། ང་ཚོའི་ངོས་ནས་བོད་ཀྱི་རྩ་དོན་ནམ་བོད་རྒྱལ་ཁབ་སླར་གསོ་ཡོང་ཐབས་སུ་འབད་བརྩོན་བྱེད་ཐུབ་པའི་མི་རབས་གསར་པ་ཞིག་གསོ་སྐྱོང་ཐུབ་པའི་སྲིད་བྱུས་ཕུགས་འཕེར་ཞིག་དང་། རྩ་དོན་འཐབ་རྩོད་དང་ཆོས་དང་རིག་གནས་བཅས་གསོན་པོར་གནས་ཐུབ་པའི་འཆར་གཞི་ངེས་ཅན་ཞིག་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། དེ་ལྟར་མ་བྱུང་བར་ད་ལྟའི་གནས་སྟངས་བཞིན་ཟས་གོས་གནས་མལ་ཙམ་ལས་བསམ་རྒྱུ་མེད་པའི་སྤྱི་ཚོགས་ཀྱི་བསམ་བློ་དེ་ལ་ཡར་རྒྱས་གང་ཡང་མེད་པར་མུ་མཐུད་དུ་སོང་ན། མི་ལོ་སུམ་ཅུ་ཙམ་སོང་བའི་རྗེས་སུ་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་མིང་ཙམ་ལས་དོན་དངོས་སུ་བོད་པའི་ངོ་བོ་མཚོན་པའི་ཁྱད་ཆོས་གང་ཡང་མེད་པའི་མི་རབས་ཤིག་འབྱུང་ངེས་རེད།
ད་ལྟའི་གནས་སྟངས་ལ་གཞིག་ན་རྒྱ་གར་གྱི་བོད་པའི་སློབ་གྲྭ་ཁག་ཏུ་བོད་ཡིག་གི་གནས་སྟངས་འགྲིག་ཙམ་ཡོད་པ་དང། ཆུང་ས་ནས་བཤད་ནའང་སྦྲགས་སྐད་ཅན་གྱི་བོད་སྐད་ཙམ་བཤད་ཐུབ། འོན་ཀྱང་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་ཕྲུག་ཚང་མ་དེ་འདྲ་ཡིན་པའི་ངེས་པ་མེད་ལ། ཕྲུ་གུ་རྣམས་ལ་བོད་ཡིག་བོད་སྐད་གཏན་ནས་བསླབས་མེད་པ་མ་ཟད། བོད་ཡིག་བོད་སྐད་ཤེས་ནས་ཕན་ཐོགས་གང་ཡང་མེད་པའི་བསམ་ཚུལ་ཡོད་མཁན་ཡང་ཡོད། དེ་དག་ཀྱང་གཙོ་བོ་འབྱོར་ལྡན་དང་ཁྱིམ་ཚང་ཆེ་བའི་གྲས་ཀྱི་བུ་ཕྲུག་དག་ཡིན་ཞེས་བརྗོད་ཀྱང་འགལ་བ་ཆེར་མེད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་མཁན་ཕལ་ཆེ་བའི་བུ་ཕྲུག་རྣམས་ཀྱིས་བོད་སྐད་བོད་ཡིག་མི་ཤེས་ལ། གཙོ་ཆེ་བ་བོད་ནས་གསར་དུ་འབྱོར་བ་སེམས་ཤུགས་ཆེན་པོ་ཡོད་མཁན་དག་གི་བུ་ཕྲུག་ནང་བོད་སྐད་བོད་ཡིག་ཤེས་མཁན་ཡོད་པ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཟའ་མཇུག་སློབ་གྲྭ་ཁག་གི་སློབ་ཕྲུག་ཀྱང་མང་ཆེ་བ་བོད་ནས་གསར་འབྱོར་བའི་བུ་ཕྲུག་རེད་ཅེས་བརྗོད་ན་ཅུང་ཐལ་དྲགས་སྲིད་ཀྱང་བདེན་པའི་ཆ་མི་ཉུང་བ་ཞིག་ཡོད།
ད་ལྟའི་ཆར་དགེ་ལུགས་པའི་དགོན་སྡེ་ཁག་ཙམ་ལས་ཆོས་བརྒྱུད་ཁག་གི་དགོན་སྡེ་རྣམས་སུ་བོད་པའི་གྲྭ་རྒྱུན་ཧ་ཅང་དཀོན་པོ་ཡིན་པ་དང། མ་འོངས་པའི་མི་ལོ་སུམ་ཅུ་ཙམ་གྱི་རྗེས་སུ་དགེ་ལྡན་པའི་དགོན་སྡེ་ཁག་ཏུའང་བོད་པའི་གྲྭ་རྒྱུན་སྲིད་མཐའ་མ་བཀག་ཙམ་ཡོད་སྲིད་པ་ལས་ཕལ་ཆེར་བོད་པའི་གྲྭ་རྒྱུན་སྟོངས་རྒྱུ་ཉག་གཅིག་ཏུ་གྱུར་ཡོད། ཆོས་བརྒྱུད་གཞན་དག་གི་དགོན་སྡེ་ཁག་ཏུ་བོད་པའི་གྲྭ་རྒྱུན་གྱི་གནས་སྟངས་ནི་དེ་བས་ཀྱང་བཤད་མི་དགོས་པ་རེད། བཙན་བྱོལ་བོད་མིའི་དགོན་སྡེ་ཁག་ཏུ་ད་ལྟའི་ཆར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲྭ་རྒྱུན་མང་ཙམ་ཡོད་ཀྱང་། དེ་ཡང་རིང་པོར་མི་ཐོགས་པར་ཉུང་དུ་འགྲོ་རྒྱུ་ཡིན་པ་ནི་རང་བཞིན་གྱིས་གྲུབ་པ་ཞིག་རེད། དེར་བརྟེན་མ་འོངས་པར་མི་ལོ་སུམ་ཅུའི་རྗེས་སུ་བཙན་བྱོལ་བོད་པའི་དགོན་སྡེ་ཁག་གི་གནས་སྟངས་ཐོག་ནས་བསམ་བློ་བཏང་ཡང་རེ་བ་ཆེན་པོ་ཞིག་ཕལ་ཆེར་མེད། དགོན་སྡེ་ཁག་གི་སློབ་སྦྱོང་གི་གནས་སྟངས་ད་མུས་བཞིན་རྒྱུད་འཛིན་མ་ཐུབ་ན་བོད་པའི་ཆོས་དང་རིག་གནས་རྒྱུད་འཛིན་ཐུབ་ཐབས་གཏན་ནས་མེད་པ་ལྟ་བུར་གྱུར་ཡོད་སྙམ།
བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ལ་མཚོན་ན་སློབ་ཕྲུག་གི་གྲངས་ཀ་ཉུང་དུ་སོང་བ་མ་ཟད། ད་ལྟའི་ཆར་སློབ་གྲྭ་ཡང་མང་པོ་སྟོང་པར་གྱུར་དང་འགྱུར་བཞིན་ཡོད། ཤེས་ཡོན་དང་ཉམས་མྱོང་ཅན་གྱི་དགེ་རྒན་མང་པོ་ཞིག་ཀྱང་མཐུན་རྐྱེན་དང་གནས་བབས་ཐོག་ནས་འདོད་པ་མ་ཁེངས་པར་ལས་གནས་ནས་དགོངས་པ་ཞུ་མཁན་ཡོད་པ་དང། དགེ་རྒན་གསར་ཞུགས་མང་པོ་ཞིག་ཀྱང་ཉམས་མྱོང་ཅུང་ཙམ་བསགས་རྗེས་གོ་སྐབས་ཤིག་བྱུང་ན་སློབ་གྲྭ་གཡུགས་རྐྱང་ཡིན་པས། སློབ་གསོའི་གནས་བབས་ཀྱི་ཐོག་ནས་ཀྱང་མ་འོངས་པར་རེ་བ་ཆེན་པོ་ཞིག་ཡོད་མེད་ཐེ་ཚོམ་དུ་གྱུར་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ས་གནས་ཀྱི་ལས་ཁུངས་ཁག་ཏུ་ལས་བྱེད་ལོ་ན་སོན་པ་དག་ལས། གཙོ་བོ་གསར་ཞུགས་ལས་བྱེད་པའི་ནང་ནས་ལོ་ལྟར་གྲངས་སུམ་ཅུ་ལ་ཉེ་བ་རེ་རྩ་དགོངས་ཞུ་བཞིན་ཡོད་པ་སྲིད་སྐྱོང་གིས་ཕྱིར་བསྒྲགས་བྱས་ཡོད་པས། མ་འོངས་པར་ཤེས་ཡོན་དང་ཉམས་མྱོང་ཅན་གྱི་ལས་བྱེད་རྒྱུན་གནས་ཐུབ་པར་དཀའ་ངལ་ཡོད་པས་ལོ་སུམ་ཅུའི་རྗེས་གནས་སྟངས་ག་འདྲ་ཞིག་ཏུ་འགྱུར་མིན་བཤད་དཀའ་བ་ཞིག་རེད།
མདོར་ན་བོད་རྒྱའི་དཀའ་རྙོག་ཐག་གཅོད་མ་བྱུང་བར་བོད་དོན་འཐབ་རྩོད་མུ་མཐུད་གནས་དགོས་པ་དང་། འཐབ་རྩོད་རྒྱུན་གནས་ཐུབ་པའི་གཞི་རྩ་གཙོ་བོ་བཙན་བྱོལ་བོད་གཞུང་རེད། སྲིད་སྐྱོང་དང་བཀའ་བློན། སྤྱི་འཐུས་སོགས་ཆབ་སྲིད་མི་སྣ་རྣམས་རྟག་བརྟན་གང་ཡང་མེད་པར་ཡོང་གི་རེད་ལ་འགྲོ་གི་ཡང་རེད། ཆུ་སོང་ཡང་ཟམ་པ་གནས་དགོས་པའི་དཔེ་བཞིན་ཆབ་སྲིད་མི་སྣ་གཙོ་བོར་མ་བཟུང་བར་བཙན་བྱོལ་བོད་གཞུང་གཙོ་བོར་བཟུང་ན་འཐབ་རྩོད་རྒྱུན་གནས་ཐུབ་པའི་རེ་བ་ཡོད། ༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་ཉེན་ཁ་ཆེན་པོ་དེ་ཙམ་མེད་ཀྱང་། དེའི་རྗེས་སུ་དཀའ་ངལ་མང་པོ་ཞིག་རང་བཞིན་གྱིས་ཡོང་ངེས་རེད། གོང་དུ་བཤད་པ་བཞིན་རྩ་དོན་འཐབ་རྩོད་དང་སྐད་ཡིག་རིག་གནས། དགོན་སྡེ་དང་སློབ་གྲྭ་ཁག་གི་གནས་སྟངས་སོགས་ད་ལྟ་འགྲིག་ངེས་ཡོད་ཀྱང་ཉེན་ཁ་དག་ལ་གདོང་ལེན་དང་གྲ་སྒྲིག་འཐུས་ཚང་ཞིག་བྱེད་མ་ཐུབ་ན་མི་ལོ་སུམ་ཅུ་ཙམ་གྱི་རྗེས་སུ་བཙན་བྱོལ་སྤྱི་ཚོགས་ལ་རེ་བ་གང་ཡང་མེད་པ་མ་ཟད། བོད་དོན་འཐབ་རྩོད་དང་འབྲེལ་བ་གང་ཡང་མེད་པ་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཆེན་པོ་ཡོད།།