བཀའ་བརྒྱུད་སྨོན་ལམ་ཐེངས་བཞི་བཅུ་པ་དབུ་འཛུགས།


ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༢༧ ཉིན། གནས་མཆོག་རྡོ་རྗེ་གདན་བྱང་ཆུབ་མཆོད་རྟེན་ཆེན་མོའི་ཉེ་འགྲམ་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཆོས་རར་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་༤༠ པ་དབུ་འཛུགས་གནང་ཡོད་འདུག

པར། Kargyumonlam


སྨོན་ལམ་གྱི་ཉིན་དང་པོར་༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་དྲ་ཐོག་ནས། ད་ལོ་བཀའ་བརྒྱུད་སྨོན་ལམ་གྱི་སྐབས་དེར། གསུང་ཆོས་ཀྱི་བརྗོད་གཞི་དེ་བསམ་བློ་གཏོང་ཡོང་དུས། ཆོས་རྗེ་དུས་གསུམ་མཁྱེན་པའི་ཚོགས་ཆོས་ཤིག་བཤད་ཐུབ་པ་ཡིན་ན་ཡག་པོ་ཡོང་ས་རེད་བསམ་པ་བྱུང་སོང་། རྒྱུ་མཚན་གང་རེད་ཞུས་པ་ཡིན་ན། གཅིག་ནི་ད་ལོ་གནས་མཆོག་རྡོ་རྗེ་གདན་དུ་བཀའ་བརྒྱུད་སྨོན་ལམ་གྱི་སྔོན་འགྲོའི་གསུང་ཆོས་དང་སྟབས་བསྟུན། དཔལ་ལྡན་དུས་གསུམ་མཁྱེན་པ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་༨༣༢ འཁོར་བའི་དུས་དྲན་ཁྱད་པར་ཅན་སྲུང་བརྩི་ཞུས་ཐུབ་པ་བྱུང་བ་རེད། དེ་དང་སྟབས་བསྟུན། དེ་རིང་སྨོན་ལམ་གྱི་དངོས་གཞི་སྐབས་སུ། དཔལ་ལྡན་དུས་གསུམ་མཁྱེན་པ་དང་འབྲེལ་བ་ཡོད་པའི་ཆོས་ཤིག་བཤད་ཐུབ་ན་ཡག་པོ་འདུག་བསམ་པ་བྱུང་སོང་། སྨོན་ལམ་སྐབས་དད་ལྡན་མི་མང་མང་པོ་ཞིག་འཛོམས་ཡོད་དུས། དེ་ཚོ་ལ་གཞུང་ཆེན་པོ་ལྟ་བུ་དང་། དེང་དུས་ཀྱི་མཁས་པ་ཚོས་ཉམས་ཞིབ་བྱས་པའི་བརྗོད་བྱ་འདྲ་མིན་བཤད་པ་ལས་ཀྱང་། ལས་དང་པོ་བ་རྣམས་ཀྱི་སེམས་ལ་ཕན་པའི་ཆོས་བཤད་རྒྱུ་དེ་དགོས་པ་ཆེ་བ་དང་གལ་ཆེ་བ་ཆགས་ཡོད་དུས། དེ་འདྲ་བའི་ཁྱད་ཆོས་ཡོད་པ་ཞིག་བཤད་ཐུབ་ན་ཡག་པོ་འདུག་བསམ་པ་འདྲ་བྱུང་སོང་། ཕྱོགས་གཅིག་ནས་བཤད་པ་ཡིན་ན། བཀའ་བརྒྱུད་གོང་མ་རྣམས་ལ་ཚོགས་ཆོས་ཞེས་ཆོས་གསུང་སྟངས་དམིགས་བསལ་ཞིག་ཡོད་པ་རེད། དེ་ཡང་གཙོ་བོ་མི་མང་དཀྱུས་མར་གསུང་རྒྱུ་གནད་བསྡུས་ལ་གོ་བདེ་བ། སེམས་ལ་ཕན་པ་དེ་འདྲ་གསུང་རྒྱུའི་ལུགས་སྲོལ་ཡོད་པ་རེད་བཞག དཔེར་ན། རྗེ་སྒམ་པོ་ལ་ལ་ཚོགས་ཆོས་ཆེན་མོ་ཟེར་བ་དང་། ཚོགས་ཆོས་མཛེས་ལེགས་མ་དང་ཚོགས་ཆོས་ཡོན་ཏན་ཕུན་ཚོགས་ཟེར་བ་འདྲ་བོ་ཚོགས་ཆོས་མང་པོ་ཡོད་པ་རེད། བདེ་གཤེགས་ཕག་མོ་གྲུབ་པ་དང་སྐྱོབ་པ་འཇིག་རྟེན་མགོན་པོ་ལ་སོགས་པའི་བཀའ་བརྒྱུད་ཀྱི་བླ་མ་གོང་མ་ཚོ་ལ་ཚོགས་ཆོས་མང་པོ་ཞེ་དྲག་ཡོད་པ་རེད་ཅེས་དང་།
ཚོགས་ཆོས་དེ་ཚོ་མཇལ་པ་ཡིན་ན། བཀའ་བརྒྱུད་པའི་བླ་མ་གོང་མ་དེ་ཚོ་བཀའ་མདོ་བརྒྱུད་ཀྱི་དགོངས་པའི་སྙིང་པོ་གང་ཡིན་ལོན་མཁན་ཞིག་དང་། གསུང་ག་འདྲ་ཞིག་བྱོན་པ་ཡིན་ན་སྒྲུབ་པ་ཉམས་ལེན་མཐར་ཕྱིན་པ་ཡིན་དུས་ཉམས་རྟོགས་པ་འཁྲུངས་པའི་མན་ངག་ཤ་སྟག་ཡིན་བསྡད་པ་ཞིག་དང་། བྱིན་རླབས་ཀྱི་ཚན་ཁ་ཡིན་ཡང་གཞན་དང་མི་འདྲ་ཞིག་ཡོང་གི་ཡོད་པ་དེ་གསལ་པོ་ཆགས་བསྡད་ཡོད་རེད་དྲན་གྱི་འདུག ཡིན་ན་ཡང་། དུས་ཕྱིས་སུ་བཀའ་བརྒྱུད་པའི་བླ་མ་རྣམས་ཀྱི་ཚོགས་ཆོས་གནང་པའི་ལུགས་སྲོལ་དེ་ཕལ་ཆེར་ཉམས་ཆག་སོང་བའི་བཟོ་འདྲ་ཞིག་ཆགས་བསྡད་ཡོད་རེད། གང་ཡིན་ཟེར་ན། དུས་ཕྱིས་སུ་བྱུང་བའི་བཀའ་བརྒྱུད་ཀྱི་བླ་མ་རྣམ་པ་ཚོའི་བཀའ་འབུམ་ལ་མཇལ་བ་ཡིན་ན། ཚོགས་ཆོས་ཟེར་བ་དེ་འདྲ་ཕལ་ཆེར་གོ་རྒྱུ་དང་མཇལ་རྒྱུ་དེ་ཙམ་མེད་པ་འདྲ་པོ་ཞིག་མཇལ་གྱི་འདུག་གཱ། དེ་ཡིས་དད་ལྡན་མང་ཚོགས་ཚོ་ལ་ཆོས་ངོ་སྤྲོད་གནང་སྟངས་དམིགས་བསལ་ཞིག་ཡོད་པ་དེ་མེད་པ་ཆགས་ནས་གྱོང་གུད་ཆེན་པོ་ཞིག་ཐེབས་ཡོད་རེད་བསམ་དྲན་གྱི་འདུག དེ་འདྲ་ཡིན་དུས་དེ་རིང་གི་གོ་སྐབས་འདི་དང་བསྟུན། ཆོས་རྗེ་དུས་གསུམ་མཁྱེན་པའི་ཚོགས་ཆོས་ཤིག་ངོ་སྤྲོད་ཞུས་པ་ཡིན་ན་ཡག་པོ་འདུག་བསམ་སོང་སོགས་བཀའ་སློབ་བཀའ་དྲིན་བསྩལ་འདུག
བཀའ་བརྒྱུད་སྨོན་ལམ་ཆེན་མོའི་དམིགས་ཡུལ་ནི། ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་དེ་ཉིད་འཇིག་རྟེན་གྱི་ཁྱོན་ཀུན་ལ་ཁྱབ་པ་དང་། འཛམ་གླིང་གོ་ལ་ཟླུམ་བུ་འདིས་མཚོན་པའི་འཇིག་རྟེན་གྱི་ཁམས་ཀུན་ཞི་བདེ་རྫོགས་ལྡན་གྱི་དཔལ་ལ་ལོངས་སུ་སྤྱོད་པའི་ཆེད་དུ་ཡིན་འདུག

ད་ལན་བཀའ་བརྒྱུད་སྨོན་ལམ་ཐེངས་༤༠ པའི་སྐབས་སུ། ༧དཔལ་རྒྱལ་དབང་ཀརྨ་པ་མཆོག་སྐུ་དངོས་ཕེབས་མ་ཐུབ་པར་བརྟེན། སྨོན་ལམ་གྱི་ཚོགས་པས་གསོལ་བ་བཏབ་པ་བཞིན། སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་དྲུང་གོ་ཤྲི་རིན་པོ་ཆེ་མཆོག་བཞུགས་ཤིང་། གཞན་༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་དབུས་པའི་མཆོག་གི་སྤྲུལ་པའི་སྐུ་དུ་མ་དང་། རྒྱ་བལ་འབྲུག་གསུམ་གྱི་བཀའ་བརྒྱུད་དགོན་སྡེ་ལྔ་བཅུ་ལྷག་ཙམ་གྱི་གྲྭ་བཙུན་སྟོང་ཕྲག་དུ་མ་ཕེབས་ཡོད་པ་མ་ཟད། རི་བོ་ཧི་མ་ལ་ཡི་མི་རིགས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་དུ་མ་ནས་དད་ལྡན་མི་དམངས་དུ་མ་མཉམ་བཞུགས་གནང་ཡོད་འདུག
སྨོན་ལམ་དངོས་གཞི་ཉིན་བཞིའི་རིང་ལ་སྔ་དྲོའི་ཐུན་གཅིག་༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ནས་དྲྭ་རྒྱ་བརྒྱུད་དེ་འདུས་པ་ཡོངས་ལ་དཔལ་ལྡན་དུས་གསུམ་མཁྱེན་པའི་ཚོགས་ཆོས་ཀྱི་གསུང་ཆོས་ཟབ་མོའི་བཀའ་དྲིན་སྐྱོང་བཞིན་ཡོད་འདུག
སྨོན་ལམ་ཞལ་འདོན་གྱི་རིམ་པའི་སྐོར་ལ་མཚོན་ན། ༧དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་བླ་མེད་ཀྱི་དགོངས་བཞེས་ཟབ་མོ་ལ་བརྟེན། བོད་ཀྱི་ཆོས་བརྒྱུད་བྱེ་བྲག་པ་གཅིག་གི་ཞལ་འདོན་ཙམ་མིན་པར། སྟོན་པ་སངས་རྒྱས་ཀྱི་བཀའ་དང་སྒྲུབ་བརྒྱུད་གོང་མ་རྣམས་ཀྱི་གསུང་ཟབ་མོ་གཙོ་བོར་བྱས་ཤིང་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་དག་གི་བྱིན་ཆེན་གསུང་རྣམས་བཞུགས་ཤིང་། ཞལ་འདོན་རྣམས་བོད་ཡིག་མི་མཁྱེན་པའི་རྒྱ་ཆེ་བའི་འཛམ་གླིང་མི་རིགས་གཞན་རྣམས་ཀྱང་ལྷན་དུ་མཉམ་ཞུགས་བྱས་ནས་ཞལ་འདོན་བྱེད་ཐུབ་པའི་ཆ་རྐྱེན་དུ་དམིགས་ཏེ་ཨིན་སྐད་དང་རྒྱ་སྐད་གཙོས་པའི་སྐད་རིགས་མི་འདྲ་བ་བཅུ་ཕྲག་འགའ་ཤས་སུ་གྱུར། ཞལ་འདོན་གསུང་ཚེ་ཡང་དད་ལྡན་སྐྱེ་བོ་ཀུན་ཡིད་འཕྲོག་པའི་གདངས་དབྱངས་གསར་བཏོད་ཀྱི་རིམ་པ་མང་དུ་མཛད་དེ། རྒྱ་ཆེའི་དད་ལྡན་རྣམས་ཀྱིས་བཀའ་བརྒྱུད་སྨོན་ལམ་གྱི་གདངས་དབྱངས་ཅེས་དམིགས་བསལ་གྱིས་བསྟོད་བསྔགས་བྱ་ཡུལ་དུ་གྱུར། དེ་བཞིན་སྨོན་ལམ་ཆེན་མོར་ཆེད་ཕེབས་ཀྱི་རྒྱ་བལ་འབྲུག་གི་ཀཾ་ཚང་བཀའ་བརྒྱུད་པའི་དགེ་འདུན་པ་རྣམས་ལས་བསྙེན་རྫོགས་སྡོམ་པ་བཞེས་པའི་དགེ་སློང་རྣམས་སྨོན་ལམ་གྱི་རིང་། ཆོས་གོས་རྣམ་གསུམ་གདིང་བ་དང་བཅས་པ་བསྣམས་ཤིང་། དགུང་ཚིགས་ཞལ་ལག་བཞེས་ཚེ་ལྷུང་བཟེད་ཀྱི་ནང་དུ་བཞེས་པ་སོགས་དམ་ཆོས་འདུལ་བ་གཞིར་བཟུང་གིས་སྤྱོད་ལམ་གནང་བ་ན། དད་ལྡན་ཀུན་གྱི་མིག་ལམ་དུ་སྟོན་པ་བཅོམ་ལྡན་འདས་དངོས་སུ་བཞུགས་པའི་དུས་སྐབས་བཞིན་གྱུར་ཏེ་ཕྱོགས་མཐའི་དད་ལྡན་ཀུན་གྱིས་བསྟོད་བསྔགས་བྱེད་ཡུལ་དུ་གྱུར་ཡོད་འདུག
བཀའ་བརྒྱུད་སྨོན་ལམ་ཆེན་མོ་ནི། ཐོག་མར་ཕྱི་ལོ་༡༩༨༣ ལོར་༧སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་སྐུ་གོང་མ་དང་༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་སྐུ་གོང་མ་རྣམ་གཉིས་ཀྱི་རྨད་བྱུང་གི་ཐུགས་བསྐྱེད་བླ་ན་མེད་པ་ལ་བརྟེན་ནས་བྱུང་། ཕྱི་ལོ་༢༠༠༤ ནས་བཟུང་དཔལ་༧རྒྱལ་དབང་༧ཀརྨ་པ་བཅུ་བདུན་པ་མཆོག་གིས་ཐུགས་རྗེའི་གཟིགས་པ་ཆེན་པོས་སྨོན་ལམ་གྱི་ཐུགས་འགན་ཡོངས་རྫོགས་བདག་གིར་བཞེས་ཏེ། སྨོན་ལམ་ཆེན་མོ་འདིའི་འཛིན་སྐྱོང་དང་དགེ་འདུན་པ་རྣམས་ཀྱི་སྒྲིག་གཞི། སྤྱོད་ལམ་དང་ཞལ་འདོན་གྱི་རིམ་པ་སོགས་ཕྱི་ནང་ཀུན་ལ་ཐུགས་རྗེ་གཟིགས་པ་ཆེན་པོས་ཆོས་མཐུན་གྱིས་འགྱུར་བ་ལེགས་པར་བཏང་བའི་བཀའ་དྲིན་བསྐྱངས་པར་བརྟེན། ད་ལྟའི་ཆར་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཞེས་བཀའ་བརྒྱུད་གོང་མ་རྣམས་ཀྱི་མཛད་པ་དང་དམ་ཆོས་འདུལ་བ་དང་མཐུན་པ་བཅས་ཤིན་ཏུ་གྲ་རྒྱས་ལ་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།