ཨི་རན་གྱི་དམག་འཁྲུག་ཁྲོད་ར་ཤི་ཡ་ནི་ཁེ་ཕན་ཐོབ་མཁན་གཅིག་པུ་དེ་རེད་ཅེས་བརྗོད།
ཕྱི་ལོ་༢༠༢༦ ཟླ་༣ ཚེས་༡༠ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རི་དང་ཨི་རན་བར་གྱི་དམག་འཁྲུག་དེ་ཟླ་བ་མང་པོར་འགོར་ཚེ། ར་ཤི་ཡར་དཔལ་འབྱོར་གྱི་ཁེ་ཕན་འཐོབ་རྒྱུ་དང་། ཡུག་རེན་གྱི་གནད་དོན་དེ་འཛམ་གླིང་གི་དོ་སྣང་ལས་བརྗེད་པར་འགྱུར་བའི་ཉེན་ཁ་ཡོད་པ་བརྗོད་འདུག

ཕྱི་ལོ་༢༠༢༦ ཟླ་༣ ཚེས་༡༠ ཉིན། ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ཨན་ཊོ་ནིའོ་ ཁོ་སི་ཊ་(Antonio Costa)ཡིས་བྷུ་རུ་སེལ་(Brussels)ལ་ཡུ་རོབ་མཐུན་ཚོགས་ཀྱི་གཞུང་ཚབ་པ་ཚོར་དཀྱིལ་ཤར་ས་ཁུལ་གྱི་དཀའ་རྙོག་སྐོར་གསུང་བཤད་གནང་སྐབས། ཁོང་གིས་ད་ལྟའི་ཆར་དམག་འཁྲུག་འདིའི་ནང་རྒྱལ་ཁ་ཐོབ་མཁན་གཅིག་པུ་དེ་ར་ཤི་ཡ་རེད་ཅེས་བརྗོད་འདུག ར་ཤི་ཡའི་དཔལ་འབྱོར་ནི་ནུས་ཤུགས་ཕྱིར་འདྲེན་ལ་བརྟེན་ཡོད་པས། རིན་གོང་འཕར་བ་དེས་ཡུག་རེན་གྱི་དམག་འཁྲུག་ཆེད་དགོས་པའི་དཔལ་འབྱོར་གྱི་མཐུན་རྐྱེན་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་བརྗོད་འདུག
ཨ་རི་དང་ཨི་སི་རེལ་གཉིས་ཀྱིས་ཨི་རན་ལ་དམག་འཁྲུག་འགོ་བཙུགས་ནས་ད་ཆ་ཉིན་གྲངས་༡༡ པ་དེ་འགྲོ་བཞིན་ཡོད་པ་དང་། ད་ཆར་དམག་འཁྲུག་དེ་བྷ་རེན་དང་། ཁུ་ཝེ་ཊི། ཁ་ཐར་སོགས་དཀྱིལ་ཤར་ཁུལ་གྱི་རྒྱལ་ཁབ་གཞན་ལ་ཡང་ཁྱབ་བཞིན་ཡོད་པ་དང་། ཨི་རན་གྱིས་འཛམ་གླིང་གི་སྣུམ་སྐྱེལ་འདྲེན་གྱི་ལམ་ཁ་གཙོ་བོ་ཧོར་མོ་ཟི་(Hormuz)ཞེས་པའི་མཚོ་འགག་བཀག་སྡོམ་བྱེད་རྒྱུའི་སྡིགས་སྐུལ་བྱས་པ་སོགས་ལ་བརྟེན། ད་ཆར་སྐྱེལ་འདྲེན་ཕལ་ཆེར་མཚམས་ཆད་དེ། འཛམ་གླིང་གི་སྣུམ་གྱི་རིན་གོང་གློ་བུར་དུ་འཕར་ནས་ཟོ་བའམ། བྷེ་རེལ་(Barrel)རེར་ཨ་སྒོར་༡༠༠ ལྷག་འཕར་ཞིང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ནུས་ཤུགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་ན་ཡང་། ར་ཤི་ཡར་མཚོན་ན་དེ་ནི་གོ་སྐབས་བཟང་པོ་ཞིག་ཏུ་གྱུར་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨི་རན་གྱི་དམག་འཁྲུག་ལ་གཙོ་བོ་དོ་སྣང་བྱེད་བཞིན་ཡོད་པས། སྔར་ཡུག་རེན་ལ་སྤྲོད་བཞིན་པའི་མཚོན་ཆ་དང་དཔལ་འབྱོར་གྱི་རྒྱབ་སྐྱོར་དག་དཀྱིལ་ཤར་ཁུལ་དུ་ཁ་ལོ་སྒྱུར་བཞིན་ཡོད་པར་བརྟེན། ཡུག་རེན་སྲིད་འཛིན་གྱིས་ཛེ་ལེན་སི་ཀི་ཡིས། ཨ་རིའི་མཁའ་དབྱིངས་འགོག་སྲུང་འཕུར་མདེལ་(Air Defense Missile)རྣམས་དཀྱིལ་ཤར་ཁུལ་གྱི་ཨ་རིའི་དམག་སྒར་སྲུང་སྐྱོབ་ཆེད་སྤྱོད་བཞིན་པ་དེས། ཡུག་རེན་གྱི་མཁའ་དབྱིངས་སྲུང་སྐྱོབ་ལ་གྱོང་གུད་ཆེན་པོ་ཕོག་བཞིན་ཡོད་ཅེས་བརྗོད་འདུག ཨ་རིས་མཚོན་ཆ་ཁ་བསྒྱུར་བྱེད་བཞིན་པ་དེ། ར་ཤི་ཡར་ཁེ་ཕན་ཆགས་ཡོད་འདུག
ཨ་རི་དང་ཨི་རན་གྱི་དམག་འཁྲུག་ལ་བརྟེན། ཕྱི་ལོ་༢༠༢༢ ལོར་ར་ཤི་ཡས་ཡུག་རེན་ལ་བཙན་འཛུལ་བྱས་པ་ནས་བཟུང་། ད་བར་སྣུམ་གྱི་རིན་གོང་མཐོ་ཤོས་སུ་གྱུར་ཞིང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་དཀའ་ངལ་འཕར་མ་ཞིག་འཕྲད་བཞིན་ཡོད་འདུག ཕྱི་ལོ་༢༠༢༦ ཟླ་༣ ཚེས་༩ ཉིན། སྲིད་འཛིན་ཊོམ་དང་པུ་ཊིན་བར་ཁ་པར་བརྒྱུད་ནས་དཀྱིལ་ཤར་ཁུལ་དང་ཡུག་རེན་གྱི་དམག་འཁྲུག་སྐོར་གྲོས་མོལ་བྱས་པའི་རྗེས། ཊོམ་གྱིས་འཛམ་གླིང་གི་ནུས་ཤུགས་གོང་ཚད་གཅོག་པའི་ཆེད། ར་ཤི་ཡའི་ཐོག་ལ་བཞག་པའི་ཉེས་ཆད་བཀག་སྡོམ་ཁག་ཅིག་ལྷོད་ཡང་གཏོང་རྒྱུའི་དགོངས་པ་བཞེས་བཞིན་པ་དང་། གཞན་ཡང་། དཀྱིལ་ཤར་ནས་སྣུམ་ཐོན་རྒྱུ་ཉུང་དུ་ཕྱིན་པར་བརྟེན། ཨ་རིས་རྒྱ་གར་ལ་ར་ཤི་ཡའི་རྡོ་སྣུམ་ཉོ་ཆོག་པའི་དམིགས་བསལ་གོ་སྐབས་ཀྱང་སྤྲད་ཡོད་འདུག
ཨ་རི་དང་ཨི་རན་བར་གྱི་དམག་འཁྲུག་འགོ་བཙུགས་ནས་བདུན་ཕྲག་གཅིག་ལྷག་གི་རིང་། ཨི་རན་གྱི་མི་སེར་དང་དམག་མི་སོགས་ཁྱོན་༡༣༠༠ ལྷག་གི་ཚེ་སྲོག་ཤོར་ཞིང་། གལ་སྲིད་ཨི་རན་གྱི་དམག་འཁྲུག་དེ་ཟླ་བ་མང་པོར་འགྱངས་ཚེ། ར་ཤི་ཡའི་དཔལ་འབྱོར་ལ་ཁེ་ཕན་ཆེན་པོ་འཐོབ་རྒྱུ་དང་། ཡུག་རེན་གྱི་གནད་དོན་དེ་འཛམ་གླིང་གི་དོ་སྣང་ལས་བརྗེད་པར་འགྱུར་རྒྱུའི་ཉེན་ཁ་ཡོད་པ་བརྗོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
