ཐའེ་ཝན་གོ་མིན་ཏང་ནང་ཁུལ་འགལ་ཟླ་བྱུང་ནས་དུམ་བུ་གཉིས་འགྱུར་བཞིན་ཡོད་འདུག


ཐའེ་ཝན་གྱི་བདེ་སྲུང་ཆེད་དུ་མ་དངུལ་བཀའ་འཁྲོལ་ཐོབ་མིན་ཐད་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་འདུག་ཅིང་། རྒྱ་ནག་གིས་འཇིགས་སྐུལ་ཁྲོད་ཐའེ་ཝན་གྱི་བདེ་སྲུང་ཆེད་དུ་འགྲོ་གྲོན་མང་ཙམ་བཏང་ནས་གོ་མཚོན་ཉོ་དགོས་ཀྱི་ཡོད་པ་དང་། གྲོས་ཚོགས་ནང་མང་མོས་རྒྱབ་སྐྱོར་ཐོབ་པ་ལ་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པ་ལ་ཕྱོགས་འགལ་གོ་མིན་ཏང་ཚོགས་པའི་རྒྱབ་སྐྱོར་དགོས་ཀྱང་། གོ་མིན་ཏང་ཚོགས་པའི་ནང་ཁུལ་དུ་རྒྱ་ནག་ལ་དགའ་མཁན་དང་ཨ་རི་ལ་དགའ་མཁན་གཉིས་བར་འགལ་ཟླ་ཆགས་ནས་ཚོགས་པ་དུམ་བུ་གཉིས་སུ་འགྱུར་བཞིན་ཡོད་འདུག
ཕྱི་ལོ་༢༠༢༦ ཟླ་༤ ཚེས་༦ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་དོན་ལ། ཉིན་ཤས་རྗེས་གོ་མིན་ཏང་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་(Cheng Li-wun)ཞེས་པའི་བུད་མེད་དེ་རྒྱ་ནག་ལ་ཟླ་འདིའི་ཚེས་༧ ནས་༡༢ བར་ལྟ་སྐོར་ཕྱིན་ནས་ཞི་ཅིང་ཕེན་དང་ཐུག་འཕྲད་བྱེད་འཆར་ཡོད་འདུག འོན་ཀྱང་། མོ་རང་རྒྱ་ནག་ལ་མ་ཕྱིན་སྔོན་དུ་ཐའེ་ཝན་གྱི་ཕྱོགས་འགལ་སྲིད་དོན་ཚོགས་པའི་ནང་ཨ་རི་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གོ་མིན་ཏང་གི་འགོ་ཁྲིད་དང་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་འགོ་ཁྲིད་བར་འགལ་ཟླ་བ་ཆགས་ནས་ནང་ཁུལ་མི་མཐུན་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་ཚུལ་བརྗོད་འདུག དེ་ཡང་གཙོ་བོ་རྒྱ་ནག་གིས་ཐའེ་ཝན་གྱི་བདེ་སྲུང་ཐད་འཇིགས་སྐུལ་ཡང་ཡང་བྱེད་བཞིན་ཡོད་པ་དང་། ཨ་རིའི་གཞུང་གིས་ཐའེ་ཝན་གྱི་བདེ་སྲུང་བརྟན་པོ་ཡོང་ཐབས་སུ་བདེ་སྲུང་ཆེད་དུ་ལོ་རེ་མ་དངུལ་མང་དུ་བཏང་ནས་གོ་མཚོན་ནུས་ལྡན་རིགས་མང་ཙམ་ཉོ་དགོས་པའི་གནོན་ཤུགས་ཆེན་པོ་སྤྲོད་བཞིན་པའི་སྐབས་དེར་། ཆབ་སྲིད་དཔྱད་བརྗོད་ཚོས་བརྗོད་དོན་ལ་ཐའེ་ཝན་གྱི་གོ་མིན་ཐང་གི་ཚོགས་པ་ཤོག་ཁག་གཉིས་སུ་གྱེས་ནས་ཨ་རི་ལ་རྒྱབ་སྐྱོར་བྱེད་མཁན་དང་། རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་གཉིས་ཆགས་ཀྱི་ཡོད་པ་བརྗོད་འདུག གཙོ་བོ་བདེ་སྲུང་ཆེད་དུ་མ་དངུལ་གཏོང་ཕྱོགས་ཐད་མི་མཐུན་པའི་དཀའ་ངལ་ཞིག་ཡོང་གི་ཡོད་འདུག
ད་ལྟའི་རྩོད་རྙོག་གི་ལྟེ་བ་ནི་ཐའེ་ཝན་གྱི་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་གཞུང་གིས་གླིང་ཕྲན་དེའི་རང་སྲུང་ནུས་པ་དང་། དམག་དོན་ནུས་པ་གོང་མཐོར་གཏོང་ཆེད་བཏོན་པའི་ཐའེ་ཝན་སྒོར་མོ་ཁྲག་ཁྲིག་༡.༢༥ (ཨ་སྒོར་ཐེར་འབུམ་༤༠) ཡི་དམིགས་བསལ་སྲུང་སྐྱོབ་སྔོན་རྩིས་དེ་ཡིན་འདུག དམིགས་བསལ་སྔོན་རྩིས་དེའི་ཆ་ཤས་མང་པོ་ཞིག་ཨ་རིའི་གོ་མཚོན་ཉོ་སྒྲུབ་བྱེད་རྒྱུར་དམིགས་བཀར་བྱས་ཡོད་པ་དང་། དེ་ནི་ཨ་རིའི་ཕོ་བྲང་དཀར་པོའི་ངོས་ནས་ཐའེ་ཝན་གྱིས་རང་ཉིད་ཀྱི་སྲུང་སྐྱོབ་ཐད་འགན་འཁྲི་མང་བ་འཁུར་དགོས་པའི་གནོན་ཤུགས་སྤྲད་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་འདུག
གོ་མིན་ཏང་ཚོགས་པས་དེ་ལས་ཉུང་བའི་ཐའེ་ཝན་སྒོར་མོ་ཐེར་འབུམ་༣༨༠ དང་དེའི་སྟེང་གྲོས་མོལ་བྱ་རྒྱུའི་གྲངས་ཀ་(N)ཞེས་པའི་སྒྲོམ་གཞི་ཞིག་བཏོན་ཡོད་ཀྱང་། ཚོགས་པ་དེའི་མཐོ་རིམ་མི་སྣ་འགའ་ཤས་ཤིག་གིས་སྲིད་གཞུང་གི་འཆར་གཞི་དང་ཉེ་བའི་སྔོན་རྩིས་མཐོ་པོ་ཞིག་ལ་རྒྱབ་སྐྱོར་ཡོད་པའི་བརྡ་ལན་བཏང་ཡོད་འདུག
དེ་དག་ཁྲོད་ཕྱི་ལོ་༢༠༢༨ ལོའི་ཐའེ་ཝན་གྱི་འགོ་ཁྲིད་འོས་འདེམས་ནང་ཞུགས་སྲིད་པའི་གོ་མིན་ཏང་གི་འོས་མི་ཞིག་ཏུ་བརྩི་བཞིན་པའི་ཐའེ་ཀྲུང་(Taichung )གྲོང་ཁྱེར་གྱི་སྤྱི་ཁྱབ་ལུའུ་ཞིའུ་ཡེན་(Lu Shiow-yen) གྱིས་གཟའ་ཟླ་བའི་ཉིན་ཨ་རིར་ལྟ་སྐོར་ནས་ཕྱིར་ལོག་མ་ཐག་བཤད་དོན་ལ། གོ་མཚོན་ཉོ་སྒྲུབ་ནི་ཉེན་འགོག་ཆེད་དུ་ཡིན་པས། ཐའེ་ཝན་གྱིས་རང་ཉིད་ཀྱི་དཔལ་འབྱོར་ནུས་པ་ལ་དཔག་པའི་གང་ཐུབ་ཅི་ཐུབ་ཀྱིས་སྔ་ས་ནས་དེང་རབས་ཀྱི་གོ་མཚོན་མ་ལག་རྣམས་ཉོ་དགོས་པར་བཤད་ནས་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པ་ལ་རྒྱབ་སྐྱོར་ཡོད་པ་བསྟན་ནས་ཨ་རི་ལ་བློ་བདེ་པོ་བཟོ་བའི་ཐབས་ཤེས་ཤིག་ཡིན་པར་ཡོངས་ཁྱབ་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག
འོན་ཀྱང་། གོ་མིན་ཏང་གི་འགོ་ཁྲིད་གཞན་ཚོས་གོང་གསལ་གྱི་འགོ་ཁྲོད་ཚོའི་གནད་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པ་མ་ཟད། ངོ་རྒོལ་བྱེད་ཀྱི་ཡོད་འདུག གལ་སྲིད་ཨ་རིའི་ལག་ནས་གོ་མཚོན་རིགས་གང་མང་ཉོས་ཚེ། ཐའེ་ཝན་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་སྔར་ལས་སྡུག་ཏུ་བཏང་ནས་གོད་ཆག་ཆེན་པོ་ཡོང་སྲིད་པས། དམག་དོན་ནུས་པའི་ཐད་འགྲོ་གྲོན་མང་པོ་བཏང་ནས་རྒྱ་ནག་ཁོང་ཁྲོ་སློང་ན་འགྲིག་གི་མེད་ཚུལ་བརྗོད་མཁན་མང་པོ་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།