ཡིད་སྐྱོའི་གནས་ཚུལ།
གྲྭ་བ་ཉི་ཤུ་ལྷག་ཤོང་བའི་བཤད་གྲྭ་ཞིག་ཀྱང་གསར་འཛུགས་ནང་བར་ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་བླ་རུང་སྔ་འགྱུར་ཆོས་འཁོར་གླིང་ཞེས་མཚན་གསོལ་མཛད། དེ་བཞིན་༡༩༩༤ ལོར་ཆོས་རྗེ་ཡིད་བཞིན་ནོར་བུ་གདན་ཞུས་ཀྱིས་མི་ཉག་ཞིང་སྒྲུབ་ཆེན་མོ་ཚོགས་པར་དད་ལྡད་སེར་སྐྱ་དྲུག་དྲུག་འབུམ་དྲུག་ཁྲི་དྲུག་སྟོང་ལྷག་དངོས་སུ་འདུ་འཛོམས་བྱུང་བ་དང་གྲངས་མེད་སེམས་ཅན་མང་པོ་ནུབ་ཕྱོགས་བདེ་བ་ཅན་གྱི་ཐར་ལམ་དུ་བཀོད། ད་དུང་ཁོང་སྐུ་དངོས་ཀྱིས་དཔལ་རྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་མཐོང་གྲོལ་ཆེན་མོ་ཐོག་རྩེག་གསུམ་ཅན་ཞིག་དད་ལྡན་སྐྱེ་འགྲོ་ཡོངས་ཀྱི་ཕྱག་མཆོད་རྟེན་སྐལ་དུ་བཞེངས། སྡེ་པའི་ནང་རྔོན་རྒྱག་དང་སྒོ་ཕྱུགས་སྲོག་གཅོད་སོགས་ཀྱི་རྒྱུན་བཅད། རྐུན་ཇག་ཁྲམ་གསུམ་དང༌། ཆང་འཐུང་རྒྱན་འགྱེད་སོགས་ཀྱི་མི་དགེ་བའི་ལས་རྣམས་སྤང་བར་ལམ་སྟོན་གནང་ཞིང་ལོ་རྟག་པར་མི་མང་ལ་དཔལ་སྤྲུན་སྔོན་འགྲོའི་བཤད་ཁྲིད་ཀྱི་དགུན་ཆོས་གནང་པ་སོགས་བསྟན་པ་དང་སེམས་ཅན་ཀྱི་དོན་རྒྱ་ཆེན་པོ་མཛད་བཞིན་པའི་སྐབས་ཟླ་འདི་འགོ་སྟོད་དུ་དགོངས་པ་གཞན་དོན་དུ་གཤེགས་པའི་ཚུལ་བསྟན་པའི་ཡིན་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད། རྒྱ་ནག་གིས་དགོང་གྲངས་དགུ་བཅུ་ལྷག་ལ་སོན་པའི་ཁོང་ལ་ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་དང་ཨ་འཛོམས་འབྲུག་སྤྲུལ་རིན་པོ་ཆེ་སོགས་དང་འབྲེལ་བ་ཡོད་པ་དང་ཡུལ་མིའི་བརྩི་བཀུར་ཆེན་པོ་ཡོད་པའི་རྒྱུ་མཚན་གྱིས་ཐེངས་མང་པོར་དོན་མེད་འཇུ་བཟུང་བྱེད་པའི་སྡིགས་ར་བཏང་བ་དང་དགོན་པར་ཆོག་མཆན་ཡག་པོ་མེད་ཚུལ་གྱིས་དམག་མི་མང་པོ་ཕབ་པ་སོགས་བྱེད་མྱོང་ཡོད་པ་རེད།།
མེ་སོར་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས།