མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སྐོར་ལ་ཟབ་ཁྲིད།
ད་ལྟ་གཞི་རིམ་གྱི་ཁྲིམས་ཟུར་དུ་དགོས་བཤད་ཡོད་པ་མ་རེད། དེ་བཞིན་མང་གཙོའི་ལམ་སྲོལ་དགོས་ཟེར་བ་དེ་བཤད་ཡོད་པ་མ་རེད་ཅེས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་ཡོད་པ་རེད།
བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་རྒྱ་བལ་གཉིས་ནས་སློབ་གྲྭ་ཉི་ཤུ་ཙམ་གྱི་འཛིན་གྲྭ་བཅུ་པ་དང་བཅུ་གཅིག་གི་སློབ་མ་དང་དེ་དང་ཤེས་ཚད་མཉམ་པའི་སློབ་མ་བརྒྱ་མ་ཟིན་ཙམ་དང༌།དགེ་རྒན་ཁག་ཅིག་བཅས་བསྡོམས་མི་གྲངས་༡༡༢ ཙམ་ལ་ཟབ་སྦྱོང་ཞིག་སྤྲོད་བཞིན་ཡོད་པ་དང༌། ཟླ་འདིའི་ཚེས་༢༧ ཉིན་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་ལ་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་སྐོར་ལ་ཟབ་ཁྲིད་གནང་ཡོད་པ་རེད།
ཉིན་དེར་བཀའ་བློན་ཁྲི་པ་མཆོག་གིས་དང་ཐོག་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ནས་ད་ལྟ་བར་བོད་པའི་ཆབ་སྲིད་ཀྱི་བརྒྱུད་རིམ་དང༌། མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སྐོར་ལ་དོན་ཚན་རེ་རེ་བཞིན་ཟབ་ཁྲིད་གནང་ཡོད་པ་དང༌། དེའི་སྐབས་ཡོ་རོབ་གྲོས་ཚོགས་ནང་གི་ྋགོང་ས་མཆོག་གི་གསུང་བཤད་དང༌། ད་ལྟའི་མིང་དོན་མཚུངས་པའི་རང་སྐྱོང་གཉིས་ཀྱི་ཁྱད་པར་སྐོར་གསུང་དོན། མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་འདིའི་ནང་དུ་ཡོད་པའི་ང་ཚོའི་དགོས་འདུན་དང༌། སུ་ཊ་སི་སྦག་གི་གསུང་བཤད་ནང་དུ་ཡོད་པའི་ང་ཚོའི་དགོས་འདུན་གཉིས་ལ་ཁྱད་པར་ཡོད་པ་རེད། སུ་ཊ་སི་སྦག་གི་གསུང་བཤད་ནང་དུ་ཧོང་ཀོང་དང་འདྲ་བོ་འདྲ་གསུངས་ཡོད་པ་རེད། གཞི་རིམ་གྱི་ཁྲིམས་གཞི་ལོག་ཀ་ཡོད་པ་དང༌། མང་གཙོའི་ལུགས་སྲོལ་ཡོད་པའི་རང་སྐྱོང་གི་གནས་བབ་ཅིག་བཀའ་གནང་ཡོད་པ་རེད། དེ་འབྲེལ་མོལ་རིམ་པའི་ཐོག་ཡོང་ཐབས་མེད་པ་དང༌། ཁ་ཡོད་ལག་ཡོད་མིན་པའི་གནས་ཚུལ་གསལ་བོ་བྱུང་བ་ཡིན་ཙང༌། དེ་རྗེས་ལ་ཉིས་སྟོང་བཞི་ལྔ་ནས་བཙན་བྱོལ་གཞུང་དང༌། ྋསྐྱབས་མགོན་རིན་པོ་ཆེའི་བཞེངས་ཕྱོགས་དེ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་༡༩༨༢ ལོར་བསྐྱར་བཅོས་ཕྱིན་པའི་ད་ལྟའི་རྩ་ཁྲིམས་ཀྱི་ནང་དུ་ཡོད་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཡོངས་སུ་རྫོགས་པ་ཆ་ཚང་ཞིག་བྱུང་ན་དེས་ང་ཚོའི་མངོན་འདོད་འགྲུབ་ས་རེད་ཟེར་ནས། ང་ཚོའི་ངོས་ནས་གཞི་རིམ་གྱི་ཁྲིམས་ཟུར་དུ་དགོས་བཤད་ཡོད་པ་མ་རེད། དེ་བཞིན་མང་གཙོའི་ལམ་སྲོལ་དགོས་ཟེར་བ་དེ་བཤད་ཡོད་པ་མ་རེད། དེ་གཉིས་མེད་པའི་ཐོག་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དུ་གང་ཡོད་པ་དེ་རིང་གིས་ཐོག་ནས་མི་རིགས་ས་གནས་རང་སྐྱོང༌། ད་ལྟ་བར་དུ་མིང་ཙམ་བཏགས་པ་མ་གཏོགས། ྋསྐྱབས་མགོན་རིན་པོ་ཆེས་ག་དུས་ཡིན་ནའང༌། མིང་དོན་མཚུངས་པ་གསུངས་པ་དེ། རྒྱ་ནག་གིས་མིང་རང་སྐྱོང་ལྗོངས་རང་སྐྱོང་ཁུལ་བཏགས་ཡོད་ནའང༌། དོན་དམ་པའི་རང་སྐྱོང་སྣ་ཁ་གཅིག་སྤྲད་ཡོད་པ་མ་རེད། མིང་དོན་མཚུངས་པ་བཟོ་རྒྱུའི་ཆེད་དུ་རང་སྐྱོང་ག་འདྲ་ཞིག་ལག་ལེན་བསྟར་ཐུབ་ཀྱི་རེད། ད་ལྟ་ག་འདྲ་ཞིག་ལག་ལེན་བསྟར་ཡོད་པ་མ་རེད། བཅའ་ཁྲིམས་ཀྱི་ཆ་རྐྱེན་ག་རེ་རེད། དེ་ལག་ལེན་ག་འདྲ་བསྟར་དགོས་པ་རེད། དེའི་གནས་ཚུལ་དེ་ཆ་ཚང་བསམ་འཆར་འདིའི་ནང་ལ་བྲིས་ཡོད་པ་རེད། དེ་ཡོངས་སུ་རྫོགས་པ་དང་ཁྱབ་ཆེ་བ་ཞིག་རེད་ཅེས་བཤད་དགོས་པའི་རྒྱུ་མཚན་དེ་འདྲ་རེད། གཞི་རྩ་འཇོག་ས་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ལྟའི་རྩ་ཁྲིམས། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས། རྒྱ་མིས་བཏོན་པའི་ཤོག་བུ་དཀར་པོ་བཅས་གསུམ་དེ་ང་ཚོས་ལུངས་དྲང་སའི་གཞི་རྩ་འདྲ་རེད་ཅེས་སོགས་ཉིན་གཅིག་རིང་ཟབ་ཁྲིད་གནང་བ་དང་སློབ་མའི་དྲི་བར་ལན་འདེབས་གནང་ཡོད་པ་རེད།།