གྲོས་ཚོགས་འཐུས་མི་ཁག་གཅིག་ལ་བལྟས་པའི་མཐོང་སྣང༌།

སྐྱོན་བརྗོད་ཁོག་ལ་མུད་པའི་ཟུག་གཟེར་གྱིས།།

ཡར་ཁོག་བྲང་གི་པགས་པ་དབྲལ་ལ་ཁད།།

འཁོན་འཛིན་ནང་ལ་ཉར་བའི་སྙིང་ནད་ཀྱིས།།

དམར་ཆུང་སྙིང་གི་ཁྲག་རྩ་གད་ལ་ཁད།།

 

 

ཁ༽གཞན་སྐྱཽན་བརྗོད་དུས་ཡར་ངོའི་ཟླ་བ་ཤར།།

རང་འཚང་སྦས་པའི་མར་ངོའི་མུན་པ་འཐིབས།།

བར་མའི་མི་ལ་འུག་པའི་ཧ་རྒོད་མཛེར།།

མཚན་ལྗོངས་གྲོགས་སུ་བསྟེན་པའི་ལྟད་མོ་མཐོང༌།།

 

ཆུ་ཆེན་རྦ་རླབས་ཕྱུར་བའི་ར་ཁ་ན།།

ཟམ་ཆེན་རྐང་བཏེགས་དགོས་པ་མི་ཤེས་པའི།།

མི་ཆེན་དཔོན་པོའི་གྲལ་ལ་འཚངས་བྱས་ཏེ།།

གྲོས་ཚོགས་རྐུབ་ཀྱགས་བཟུང་བའི་ལྟད་མོ་མཐོང༌།།

 

མི་ལ་ར་དུང་བུད་པའི་སྐད་ཅོ་གསེབ།།

རང་ལ་ཉམས་མྱོང་མེད་པའི་ཟུར་ཐོ་རིང༌།།

རྒྱུས་མེད་མི་ཚོགས་འདུས་པའི་ཁྲོམ་ར་ན།།

རྫིག་ཉམས་གཞན་ལས་ཆེ་བའི་ལྟད་མོ་མཐོང༌།།

 

མིག་གི་རྒྱལ་མོ་རྡོ་ཤེལ་ནས་པོས་བསྒྲིབས།།

མཐོང་ཚད་རྫ་རིའི་མདངས་སུ་འཛིན་པའི་མདུན།།

དཀར་གཙང་ཁ་བ་སྤུངས་པའི་ལྷུན་པོ་ཡང༌།།

ནག་པོ་རྫ་ལ་འཁྲུལ་བའི་ལྟད་མོ་མཐོང༌།།

 

བཟང་ངན་གཉིས་ཀ་ངན་པའི་ལམ་དུ་བསྡུས།།

དཀར་ནག་གཉིས་ཀ་ནག་པོའི་གཟུགས་སུ་ཤར།།

མཐོན་པོའི་གནམ་ལ་བྱེ་མ་གཏོར་བའི་ལས།།

བླ་མེད་བྱས་རྗེས་འཛིན་པའི་ལྟད་མོ་མཐོང༌།།

 

མཐོང་ཚད་མི་ལ་ཁ་དགྲ་སྣ་དགྲ་བསགས།།

ཐོས་ཚད་གཏམ་ལ་ཁ་རྡུང་ཚིག་རྡུང་གཏོང༌།།

བསམ་ཚོད་ཁ་ནས་མགོ་བཤད་མཇུག་བཤད་བྱེད།།

ལི་སྐྱག་གསེར་དུ་འཛིན་པའི་ལྟད་མོ་མཐོང༌།།

 

ཐུགས་ཕན་གསོས་པའི་བརྗོད་དོན་སྣ་གཅིག་མེད།།

གོ་རྒྱུ་ཡོད་པའི་སྐད་ཆ་ཚིག་གཅིག་མེད།།

དུས་ཚོད་འཕྲོ་བརླག་གཏོང་བའི་གཏམ་བཤད་ཀྱིས།།

མགོ་ཕང་གནམ་ལ་བཏེགས་པའི་ལྟད་མོ་མཐོང༌།།

 

ཁ་ནས་འདྲ་ཆགས་བཤད་པའི་གསུང་སྒྲོས་སྙན།།

དོན་དུ་ལག་པ་འཆང་ས་གང་ཡང་མེད།།

ནམ་མཁའི་འཇའ་དང་བྲག་ཆའི་སྟོང་སྐད་ཀྱིས།།

གྲོས་ཚོགས་འུར་གྱིས་བཀང་པའི་ལྟད་མོ་མཐོང༌།།

 

སྤྱི་དོན་ཁ་བཤད་གནང་བའི་ལྕེ་རྩེ་རྣོ།།

སྤྱི་རྒྱུ་ཧར་ཐོབ་་བྱེད་པའི་ལག་པ་རིང༌།།

སྤྱི་སེམས་སྙིང་ལ་མེད་པའི་ཁོག་སྟོང་འགའ།།

སྤྱི་འཐུས་གྲོས་ཚོགས་འགྲིམ་པའི་ལྟད་མོ་མཐོང༌།།

 

འཛིན་སྐྱོང་བཀའ་ཤག་དྲུང་དུ་སྤྲེ་ལད་འཁྲབ།།

ཕྱག་སྦྲེལ་འཐུས་མི་ཚོ་ལ་ཁ་རྡུང་གཏོང༌།།

དམངས་སེམས་བསླུ་འགུག་བྱེད་པའི་ཆོ་ག་སྐྲུན།།

གྲོས་ཚོགས་རྐུབ་བཏེགས་གཟུང་བའི་ལྟད་མོ་མཐོང༌།།

 

ཁྱེད་ཚོ་ལངས་ན་ག་ཡང་ལངས་དགོས་སྙམ།།

ཁྱེད་ཀྱིས་བཤད་ན་ངས་ཀྱང་བཤད་དགོས་ཞེས།།

ཕན་གནོད་འབྲེལ་བ་སྣེ་གཅིག་མེད་པ་ཡི།།

གཏམ་བཤད་ཡང་ཡང་སྤེལ་བའི་ལྟད་མོ་མཐོང༌།།

 

ག༽གནས་ལུགས་འཁྲུལ་མེད་ཁྲིག་སེར་རྟོགས་ན་ཡང༌།།

ཞི་བ་མཉམ་ཉིད་ངང་དུ་མཉམ་པར་བཞག །

རྡོག་སྣེ་གཡང་ལ་བཏེགས་པའི་ལོང་བ་ལ།།

ལམ་སྟོན་ཆེད་སེམས་མེད་པའི་སྐྱོ་གར་རིང༌།།

 

བདེན་པ་བརྗོད་ན་མི་ལ་ཕོག་པས་དོགས།།

རྫུན་པ་སྨྲས་ན་སྡིག་པའི་ལས་ལ་སྐྲག །

གནས་ལུགས་བདེན་དོན་ལྐུགས་པའི་བུ་རམ་བཞིན།

ལྐོག་ནས་མུད་པའི་ལྟད་མོ་དེ་རིང་མཐོང༌།།

 

བཀའ་བློན་ཁྲོས་ན་ཕྲལ་དུ་གནོད་པས་སྐྲག།

དྲུང་ཆེར་ཕོག་ན་ཕུག་ནས་རྒུད་པས་དོགས།།

སྤྱི་པའི་འཛིན་སྐྱོང་གང་དུ་ལྷུང་ཡང་རུང༌།།

རང་དོན་འགྲུབ་ན་འགྲིགས་པའི་ལྟད་མོ་མཐོང༌།།

 

ཉམས་མྱོང་ཟབ་ཀྱང་ལག་ལེན་ཕོད་པ་མེད།།

ལྷག་བསམ་ལྡན་ཡང་བཤད་པའི་བློ་ཁོག་མེད།།

གྲོས་ཚོགས་རྐུབ་ཀྱགས་ཐོག་ཏུ་སྐུ་འདྲ་བཞིན།།

ཅོག་གེར་བསྡད་པའི་ལྟད་མོ་དེ་རིང་མཐོང༌།།

 

ང༽ཚིག་གི་བརྗོད་བབ་བརླིང་པས་གཞན་ཡིད་འགུག།

དོན་གྱི་གནས་བབ་ཟབ་པས་སྙིང་པོ་ལྡན།།

ཆོས་སྲིད་གཉིས་ལྡན་དམངས་གཙོའི་སྲིད་གཞུང་ལ།།

ཕན་ཐོགས་ཡོད་པའི་གསུང་ཡང་མང་པོ་ཐོས།།

 

ཡུན་རིང་ཕྱག་ལས་གནང་བས་ཉམས་མྱོང་ཟབ།།

གནས་ལུགས་བདེན་པ་མཐོང་བས་རྣམ་དཔྱོད་ཡངས།།

རང་གི་རིགས་ལ་ཞེན་པས་ལྷག་བསམ་དཀར།།

བདུད་རྩི་ལྟ་བུའི་གཏམ་ཡང་མང་པོ་ཐོས།།

 

ཕྱི་ཡི་དགྲ་ལ་ཁ་གཏོད་ལྕོག་ཐབས་དང༌།།

ནང་གི་དམངས་ལ་དཀའ་ངལ་སེལ་ཐབས་གཉིས།།

གཞུང་གི་འཛིན་སྐྱོང་ཚགས་ཚུད་ཡོང་པ་ཡི།།

ལམ་སྟོན་ཟབ་པའི་གསུང་ཡང་མང་པོ་ཐོས།།

 

སྙན་འཇེབས་ཚིག་གིས་གཞན་ཡིད་འགུགས་པ་དང༌།།

དོན་བཟང་ཟབ་པའི་བརྗོད་སྙིང་སེམས་ལ་འཇོ།།

ཡུལ་དུས་འཚམས་པའི་ཆོས་སྲིད་གཉིས་སྨོན་གྱི།།

དུས་ཐོག་ཆར་པ་འདྲ་བའི་གཏམ་ཡང་ཐོས།།

 

གཞུང་གི་འཛིན་སྐྱོང་ཚགས་ཚུད་ཡོང་པའི་ཆེད།།

དམངས་ཀྱི་དཀའ་ངལ་བདེ་བླག་གྲོལ་བའི་དོན།།

མ་འོངས་མདུན་ལམ་ལྷམ་མེར་གསལ་བའི་སླད།།

མཛེམ་ཟོན་མེད་པའི་གསུང་བཤད་རྣ་བར་སྙན།།

 

ཚིག་གི་བརྗོད་པ་ཚེར་མ་འདྲ་བ་ཡིས།།

དོན་གྱི་སྙིང་པོ་གསེབ་ནས་གཤོང་པ་ལ།།

འཇིགས་ཞུམ་ཆགས་སྡང་མེད་པའི་སྤོབས་པ་ཅན།།

བཟང་དྲུག་སྨན་དང་འདྲ་བའི་གཏམ་བཤད་སྙན།།

 

སྤྱི་དོན་ཡོ་སྲོང་བྱེད་པའི་སྐུལ་སློང་གིས།།

སྒེར་ངོར་ལྕགས་འཚག་ཕུར་པ་འདེབས་པ་ལ།།

ཆགས་ཐོགས་རེ་དོགས་མེད་པའི་སྙིང་སྟོབས་ཀྱིས།།

མི་འཇིགས་སེངྒེའི་ང་རོ་སྒྲོགས་པ་ཐོས།།

 

གོ་ཐོས་བྱུང་ཚད་བཤད་པས་ག་ལ་ཚར།།

སེམས་ལ་འཆར་བྲིས་པས་ག་ལ་རྫོགས།།

དེ་ཕྱིར་མཐོང་ཐོས་སེམས་ཀྱི་འཆར་སྒོ་རྣམས།།

ག་ལེར་བྱས་ནས་འབྲི་མཚམས་འདི་ན་བཞག།

སྐབས་བཅུ་བཞི་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་སྐབས་ཀྱིས་སྤྱི་འཐུས་ལས་ཁང་དུ་བྲིས།་པ།2008-9-8–16