གངས་ཅན་འགྲོ་བའི་ལྷ་སྐལ་རྒྱལ་པཎ་རྣམ་གཉིས་ཀྱི་སྐུ་རབས་
སྐུ་ཕྲེང་དང་པོ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོ། སྐུ་ཕྲེང་དང་པོ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོ་མཆོག་ནི། གཙང་ས་སྐྱའི་འདབས་སྲད་ལུང་དུ་ཡབ་མགོན་པོ་རྡོ་རྗེ་དང༌། ཡུམ་ཇོ་མོ་ནམ་མཁའ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ལྕགས་ལུག་༡༣༩༡ལོར་སྐུ་འཁྲུངས། སྐུ་ན་ཕྲ་དུས་མཚན་ལ་པདྨ་རྡོ་རྗེ་གསོལ། དགུང་ལོ་བདུན་པའི་ཐོག་སྣར་ཐང་དགོན་དུ་ཕེབས་ཏེ་དཔལ་སྣར་ཐང་དགོན་པའི་མཁན་རབས་བཅུ་བཞི་པ་ཆོས་རྗེ་གྲུབ་པ་ཤེས་རབ་ཀྱི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བླངས། གཙུག་ལག་སྨྲ་བ་བརྒྱ་སྟོན་ལོ་ཙཱ་བ་སོགས་ལས་རྒྱ་བོད་ཀྱི་ཡིག་རིགས་མཐའ་དག་གི་འབྲེི་ཀློག་དང་ལུང་སྟོན་པའི་གཞུང་ལ་མཁས་པར་བསླབས། དགུང་ལོ་བཅོ་ལྔ་པར་ཆོས་རྗེ་གྲུབ་པ་ཤེས་རབ་དང༌། ཆེན་པོ་བློ་ལྡན་པ་གཉིས་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་པའི་མཚན་ལ་དགེ་འདུན་གྲུབ་པ་གསོལ་ཞིང༌། ཕྱིས་སུ་རྗེ་རང་གིས་མཚན་གྱི་མཇུག་ཏུ་དཔལ་བཟང་པོ་ཞེས་པ་བསྣན། ཚད་མ་རྣམ་འགྲེལ་གྱི་གཞུང་ལ་འགྲན་ཟླ་མེད་པའི་མཁས་པར་བསླབས། དགུང་ལོ་ཉི་ཤུ་བར་གོང་གསལ་བླ་མ་གཉིས་ལས་ཡོངས་རྫོགས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་མནོས། དགུང་ལོ་ཉེར་ལྔ་པར་དབུས་ཀྱི་ཁྲ་འབྲུག་ཐང་པོ་ཆེར་སོགས་སུ་ཕེབས་ཏེ་ངོར་པ་ཀུན་བཟང་པ་དང༌། རོང་སྟོན་པ་ལས་བྱམས་ཆོས་སྐོར་རྒྱ་ཆེར་གསན། ལྷག་པར་བཀྲིས་དོ་ཁར་རྗེ་རིན་པོ་ཆེ་དང་མཇལ་ནས་མདོ་སྔགས་ཀྱི་ཆོས་རྒྱ་ཆེན་པོ་གསན་ཞོར་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དང༌། གསང་ཕུར་ལོ་གསུམ་བཞུགས། དགུང་ལོ་ཉེར་བདུན་པར། འབྲས་སྤུངས་དགོན་དང༌། སེ་ར་ཆོས་སྡིངས་སོགས་སུ་བྱོན། དམར་སྟོན་པ་དང་རྒྱ་རིན་པ་ལས་འདུལ་མངོན་གྱི་གཞུང་ལུགས་རྒྱ་ཆེར་གསན། སྔ་ཕྱི་བསྡོམས་པས་དབུས་སུ་མི་ལོ་ཧྲིལ་པོ་བཅུ་གཉིས་རིང་བཞུགས། སྣར་ཐང་མཁན་ཆེན་གྲུབ་པ་ཤེས་རབ་དང༌། རྗེ་ཙོང་ཁ་པ། རྗེ་ཤེས་རབ་སེང་གེ་སོགས་སྔ་ཕྱིར་མཁས་གྲུབ་གཉིས་ལྡན་གྱི་བླ་མ་དྲུག་ཅུ་ལྷག་ཙམ་བསྟེན་ནས་མདོ་སྔགས་གཞུང་ལུགས་མན་ངག་དང་བཅས་པར་མཁས་པའི་འགྲན་ཟླ་བརལ་བར་གྱུར། དགུང་ལོ་སོ་དྲུག་པར་རྗེ་ཤེས་རབ་སེང་གེ་དང་ལྷན་དུ་གཙང་སྣར་ཐང་དང༌། རྟ་ནག བྱང་ཆེན། རི་ཁུད་རྣམས་སུ་རིམ་གྱིས་བྱོན་ཏེ་འཆད་མཉན་རྒྱ་ཆེར་སྤེལ། འཇུག་ཊཱིཀ་དང༌། རྣམ་འགྲེལ་ཊིཀྐཱ། རྩ་ཤེའི་རྣམ་བཤད་རིན་ཆེན་ཕྲེང་བ། ཚད་མ་རིགས་པའི་རྒྱན། འདུལ་བའི་གླེང་འབུམ། སོ་ཐར་མདོའི་ཊིཀྐཱ། འདུལ་ཁྲིམས་ཀྱི་བཅའ་ཡིག་ཆེན་པོ། གཞན་ཡང་སྟོན་པ་དང་འཕགས་བོད་ཀྱི་མཁས་གྲུབ་དུ་མ་དང་ལྷག་པའི་ལྷ་དུ་མའི་བསྟོད་ཚོགས་སོགས་དཔྱད་པས་དག་པའི་ལེགས་བཤད་ཆོས་ཚན་ཤིན་ཏུ་མང་པོ་འདུས་པ་པོད་ཆེན་བདུན་ཙམ་ལྗགས་རྩོམ་མཛད། གངས་རིའི་ཁྲོད་ཀྱི་སྨྲ་བའི་སེང་གེ་བོ་དོང་འཇིགས་མེད་གྲགས་པ་དང་མཇལ་ནས་མདོ་སྔགས་ཀྱི་དཀའ་བའི་གནད་དུ་མའི་སྐོར་ཕན་ཚུན་དྲིས་ལན་མཛད་པས། བོ་དོང་བས་ཐམས་ཅད་མཁྱེན་པ་ཞེས་པའི་མཚན་ཕུལ། དེ་ནས་བཟུང་རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་མཚན་ཟུར་དུ་ཐམས་ཅད་མཁྱེན་པ་ཞེས་སྦྱར་བའི་སྲོལ་བྱུང༌། དགུང་ལོ་ང་བདུན་པར་༡༤༤༧ བཀྲིས་ལྷུན་པོ་དཔལ་གྱི་ཆོས་སྡེ་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ། ཐུབ་བསྟན་སྤྱི་དང་ཡང་སྙིང་འཇམ་མགོན་ཙོང་ཁ་པ་ཆེན་པོའི་གསེར་སྦྱངས་གཙོ་མ་ལྟ་བུའི་བསྟན་པ་འདི་ཉིད་ལ་འཕྲིན་ལས་ཕ་མཐའ་བརལ་བ་བྱུང་བས། རྗེའི་དངོས་སློབ་ཀྱི་ཁྲོད་ནས་མཛད་འཕྲིན་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞིའི་ཡ་གྱལ་བགྲང་བ་ཡིན་ནོ། །མཐར་དགུང་ལོ་བརྒྱད་ཅུ་གྱ་བཞི་པ་རབ་བྱུང་བརྒྱད་པའི་ཤིང་རྟ་སྤྱི་ལོ་༡༤༧༤ལོར་བོད་ཟླ་གཉིས་པའི་ཚེ་བརྒྱད་ཀྱི་ཐོ་རངས་དགོངས་པ་ཆོས་དབྱིངས་སུ་ཐིམ།