ཨོ་སི་ཀྲི་རི་ཡའི་བོད་སྐྱོབ་ཚོགས་པ་ལོ་ངོ་ཉི་ཤུ་འཁོར་བའི་མཛད་སྒོ།
ཕྱི་ཟླ་བ་༥པའི་ཚེས་༡༧ཉིན་ནི་ཨོ་སི་ཀྲི་རི་ཡ་(Austria)བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་བྱས་ནས། ལོ་ངོ་ཉི་ཤུ་འཁོར་བའི་དམིགས་བསལ་གྱི་དུས་སྟོན་མཛད་སྒོ་ཞིག་ཨོ་སི་ཀྲི་རི་ཡའི་རྒྱལ་ས་ཝིན་ནཱ་(Vienna) རུ་འཚོགས་ཡོད་པ་རེད།

དེར་བོད་རིགས་རྣམས་ཕུད་བོད་སྐྱོབ་ཚོགས་པའི་ཚོགས་མི་སོགས་མི་སྣ་བདུན་བརྒྱ་ཙམ་ཆེད་ཕེབས་འདུག་ལ། དེ་ནས་བོད་ལུགས་ལྟར་ཐོག་མར་དགེ་འདུན་རྣམ་པས་སྣང་གསལ་མར་མེ་ཞལ་འབྱེད་དང་ལྷ་གསོལ།ཐུགས་སྨོན་མཛད།ཐེངས་འདིའི་དུས་སྟོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར།ཨ་མ་རྗེ་བཙུན་པདྨ་ཆེད་ཕེབས་གནང་བ་དང་།ཁོང་གིས་བོད་ཀྱི་ད་ལྟའི་གནས་སྟངས་དང་ལྷག་དོན་བཙན་བྱོལ་ནང་གི་སློབ་གྲྭ།ད་ལྟ་དང་འབྱུང་འགྱུར་གྱི་ལས་འཆར་སོགས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་རེད།
ལྷག་དོན་ཨི་སི་ཀྲི་རི་ཡ་དང་བོད་ཀྱི་འབྲེལ་ལམ་གྱི་སྐོར་ནི།རིག་འཛེགས་མཁན་དང་བོད་ཀྱི་གྲོགས་པོ།བོད་ནང་ལོ་བདུན་གྱི་ཕྱག་དེབ་རྩོམ་པ་པོ་ཧན་རིག་ཧན་རར་གྱི་རོགས་པ་པི་ཊར་ཨོཔོ་ཤེནེ་ཏར་དང་།ཕྱི་ལོ་༡༩༣༦ནང་བོད་ནང་རི་འཛེགས་མཁན།ས་ཁམས་རིག་པ་དང་རི་འཛེགས་པ་གྲགས་ཅན།ཧར་བེརཏེ་ཏི་ཁེ།དུས་རབས་བཅུ་བདུན་ནང་ལྷ་སར་སླེབས་པའི་ཡོ་རོབ་ཀྱི་མི་སྣ་ཐོག་མ་པ་ཏེར་ཇོན་གུ་རུ་བེར་ཏེ།ཨོ་སི་ཀྲི་རི་ཡའི་མི་སྣ་གསུམ་གྱི་ལོ་རྒྱུས་སྐོར་ཆེད་མཁས་མི་སྣ་སོ་སོས་གསུང་བཤད་གནང་ཡོད་པ་རེད།
ཨོ་སི་ཀྲི་རི་ཡ་བོད་སྐྱོབ་ཚོགས་པ་ནི་ཕྱི་ལོ་༡༩༩༤ལོར་གསར་འཛུགས་དང་།ཚོགས་གཙོ་ནི་ཨི་ལེ་ས་བིཏ་ཛིམ་མར་མན་(Elisabeth Zimmermann)ལགས་ཡིན།ད་ཡོད་ཚོགས་མི་བདུན་བརྒྱ་དང་རྒྱབ་སྐྱོར་བ་བཞི་སྟོང་ཙམ་ཡོད།བོད་སྐྱོབ་ཚོགས་པ་ནས་སྦྱིན་བདག་གི་དུས་ཡུན་རྫོགས་པ་རྣམས་ཕུད།བཙན་བྱོལ་ནང་གི་བོད་ཕྲུག་༩༠༠དང་།རྒན་གཞོན་བར་གསུམ་ཁྱོན་མི་གྲངས་༡༦༠༠ལ་ད་ལྟ་སྦྱིན་བདག་གནང་བཞིན་པ་ཡིན་འདུགགཞན་ཡང་དུས་ནས་དུས་སུ་བོད་ཀྱི་ཆོས་དང་རིག་གཞུང་ཆབ་སྲིད།མི་རིགས་དང་ཁོར་ཡུག་སྲུང་སྐྱོབ་སླད་ལས་འགུལ་རབ་དང་རིམ་པ་སྤེལ་གྱི་ཡོད་པ་རེད།
ད་ཐེངས་མཛད་སྒོ་འདིར་བོད་ཀྱི་གསོ་རིག་དང་ཐང་གའབྲོག་པ་དང་བཙན་བྱོལ་གྱི་གནས་སྟངས།བོད་དང་ཨོ་སི་ཀྲི་རི་ཡའི་རི་རྒྱུད་ཀྱི་པར་དང་།ཆོལ་ཁ་གསུམ་གྱི་གྱོན་ཆས་རིགས་སོགས་འགྲེམས་སྟོན་གནང་།ཧོ་ལན་ནས་ཆེད་ཕེབས་གཞས་མ་རྣམ་རྒྱལ་ལྷ་མོ་དང་།ཟློས་སྒར་གྱི་གཞས་པ་གཞས་མ་གཉིས།ས་གནས་བོད་རིགས་བཅས་ནས་རྐང་བྲོ་གླུ་གཞས་འཁྲབ་སྟོན་བྱས་པ་དང་། ཐེངས་འདིའི་ཉིན་གཅིག་གི་མཛད་སྒོ་གྲོལ་ཡོད་པ་རེད།།
གནས་ཚུལ་དང་འདྲ་པར་མཁོ་གཏོང་བ་དབུས་ཕྲུག་ཚེ་རིང་།