དཔལ་མཉམ་མེད་བཀའ་བརྒྱུད་པའི་སྨོན་ལམ་ཆེན་མོ།
འདས་པའི་མི་ལོ་༣༢ རིང་ལོ་ལྟར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་མཉམ་མེད་བཀའ་བརྒྱུད་པའི་སྨོན་ལམ་ཆེན་མོ་འཚོག་གི་ཡོད་པ་བཞིན། སྨོན་ལམ་ཐེངས་༣༢ པ་དེ་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༩ ནས་དབུ་འཛུགས་གནང་ཡོད་པ་རེད།
དེ་ཡང་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། བཀའ་བརྒྱུད་སྨོན་ལམ་ཆེན་མོར། ལོ་རེ་བཞིན་འདུས་པ་ཇེ་མང་དང་། མཐུན་རྐྱེན་གོ་སྒྲིག་ཇེ་ལེགས་སུ་སོང་ནས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བཞིན་པ་ལྟར། འདི་ལོར་ཡང་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྔོན་འགྲོའི་གསུང་ཆོས་དང་། བཀའ་དབང་། སྤྱོད་ལམ་རྒྱུགས་བཞེས་ཆེན་མོ། ཞེས་དགེ་བཙུན་རྣམ་པའི་སྤྱོད་ལམ་ཆོས་བཞིན་འདུལ་བ་བཞིན་གནང་དགོས་པ་སོགས་སྔོན་འགྲོའི་སྟ་གོན་རྣམས་ལེགས་པར་གྲུབ་སྟེ། ༢༠༡༤ ལོ་ཟླ་ ༡༢ ཚེས་ ༢༩ ནས་སྨོན་ལམ་ཆེན་མོ་དངོས་གཞི་དབུ་ཚུགས་ཡོད་པ་མ་ཟད། ཉིན་ལྟར་འདུས་པ་སུམ་ཁྲིར་ཉེ་བས་བཟང་སྤྱོད་དང་། བྱམས་སྨོན། ལྟུང་བཤགས། བསྟན་སྲིད་ཞབས་རིམས། བཅོམ་ལྡན་མི་འཁྲུགས་པའི་ཆོ་གའི་སྒོ་ནས་གཤིན་པོར་བྱང་སྲེག བཀའ་འགྱུར་ཆོས་སྐོར། སྦྱིན་བདག་ཡོན་བསྒོ། དེ་བཞིན་ཐུན་བར་རྣམས་སུ་༸རྒྱལ་དབང་ཀརྨ་པ་མཆོག་ནས་བློ་སྦྱོང་ཞེན་པ་བཞི་བྲལ་གྱི་གསུང་ཆོས་བཅས་ཉིན་བརྒྱད་རིང་འཚོགས་རྒྱུ་ཡིན་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།