༧གོང་ས་མཆོག་ནི་བྱམས་བརྩེ་ཉམས་ལེན་གནང་མཁན་གྱི་མིག་དཔེ་ཞིག་རེད།
ཟླ་འདིའི་ཚེས་༥ ཉིན་གྱི་ཞོགས་པར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་ཚོགས་འདུའི་ཐོག་༧གོང་ས་མཆོག་གདན་ཞུ་གནང་ཡོད་པ་དང་། ལྷན་ཚོགས་དེ་ནི་ལོ་རེའི་ཕྱི་ཟླ་༢ པའི་ཚེས་ཤར་ལ་འཚོག་གི་ཡོད་པ་རེད།
བརྒྱུད་ལམ་ཁག་ཏུ་གནས་ཚུལས་སྤེལ་བ་ལྟར་ན། ད་ལོའི་མཛད་སྒོའི་ཐོག་ཨ་རིའི་སྲིད་འཛིན་གཙོས་རྒྱལ་ཁབ་བརྒྱ་ལྷག་ནས་ཡེ་ཤུའི་ཆོས་ལུགས་གཙོ་བོར་གྱུར་བའི་ཆོས་དཔོན་དང་། ཆབ་སྲིད་ཀྱི་དབུ་ཁྲིད། གནད་ཡོད་མི་སྣ་བཅས་མི་གྲངས་སུམ་སྟོང་ལྔ་བརྒྱ་ཙམ་མཉམ་ཞུགས་གནང་ཡོད་འདུག
མཛད་སྒོའི་སྟེང་ཨ་རིའི་སྲིད་འཛིན་ཨོ་བྷ་མས་སྨོན་ལན་གསོལ་འདེབས་དང་འབྲེལ་བའི་གསུང་བཤད་གནང་སྐབས། ༧གོང་ས་མཆོག་དང་འབྲེལ་བའི་སྐོར་གསུང་དོན། “བོད་མིའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་བྱམས་བརྩེ་ཉམས་ལེན་གནང་མཁན་གྱི་མཆོག་ཏུ་གྱུར་བའི་མིག་དཔེ་ལྟ་ས་ཞིག་ཡིན་པ་མ་ཟད། ང་ཚོ་འགྲོ་བ་མིའི་རིགས་ཀྱི་རང་དབང་དང་བརྩི་མཐོང་རྩོད་ལེན་གནང་མཁན་ཞིག་ཀྱང་རེད། ངས་དགའ་སྤྲོའི་ངང་ཐེངས་མང་པོར་ཕོ་བྲང་དཀར་པོའི་ནང་ཁོང་གི་གཟིགས་སྐོར་ལ་སྣེ་ལེན་ཞུས་ཡོད་ལ། དེ་རིང་འདི་ནས་ཁོང་ང་ཚོ་དང་ལྷན་ཏུ་ཚོགས་འདུར་མཉམ་ཞུགས་གནང་བར་བཀའ་དྲིན་ཆེ་ཞུ་གི་ཡོད།”ཅེས་གསུངས་ཡོད་པ་རེད།
དེ་ཡང་ཕྱི་ཟླ་༢ ཚེས་༤ ཉིན་གུང་གསོལ་ཚིགས་སྐབས་༧གོང་ས་མཆོག་གིས་ཚེས་༥ ཉིན་གྱི་ཨ་རིའི་རྒྱལ་ཡོངས་ཞོགས་ཇའི་སྨོན་ལམ་ལྷན་ཚོགས་ཐོག་ཕེབས་པའི་ཚོགས་བཅར་བ་ཡོངས་ལ་བཀའ་སློབ་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས། འགྲོ་བ་མི་ཐེར་འབུམ་བདུན་ཙམ་ཡོད་པ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་མཁན་གཅིག་མཚུངས་ཡིན་པ་དང་། རང་རང་སོ་སོའི་ངོས་ནས་རང་ཉིད་དང་འགྲོ་བ་མི་ཐེར་འབུམ་བདུན་དབར་གཅིག་གྱུར་གྱི་འདུ་ཤེས་ཞིག་བྱུང་ཚེ་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་སེལ་ཐུབ་རྒྱུ་ཡིན་པའི་བཀའ་སློབ་གནང་འདུག

༧གོང་ས་མཆོག་གིས་རང་གཞན་གཉིས་ཀའི་མ་འོངས་པའི་མདུན་ལམ་ནི་ཕན་ཚུན་གཅིག་ལ་བརྟེན་ཡིན་སྟབས། གཅིག་གྱུར་གྱི་བསམ་བློ་འདི་ནི་རང་དང་གཞན་གཉིས་ཀའི་བདེ་སྐྱིད་བསྐྲུན་རྒྱུར་མེད་དུ་མི་རུང་བ་ཞིག་རེད། འཛམ་གླིང་གི་ཚ་དྲོད་རྒྱས་བཞིན་པའི་དཀའ་རྙོག་དང་། ཆོས་ལུགས་ཀྱི་མིང་གི་ཐོག་ནས་བྱུང་བའི་རྙོག་གྲ་སོགས་ཀྱི་དཀའ་ངལ་དེ་དག་སྤྱི་ཚོགས་ནང་བསམ་བློའི་འགྲོ་ལུགས་དང་ཕན་ཚུན་མཉམ་འབྲེལ་གྱི་ཐོག་ནས་སེལ་དགོས་ཀྱི་བཀའ་སློབ་གནང་།
གཞན་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་པ་དང་སྙིང་རྗེ། བཟོད་སྒོམ་སོགས་ནི་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་ཚང་མས་ཐུན་མོང་གི་བསླབ་བྱ་དེ་ཡིན་སྟབས། ཆོས་ལུགས་ཁག་གི་དམིགས་ཡུལ་གཙོ་བོ་ནི་བསླབ་བྱ་དེ་དག་ཉམས་སུ་ལེན་པའི་ཐོག་ནས་མི་བཟང་པོ་ཞིག་བཟོ་ཐབས་དེ་རེད། ཆོས་ལུགས་ཕན་ཚུན་གུས་ཞབས་དང་བརྩི་བཀུར་ངེས་པར་ཞུ་དགོས་གལ་ཆེ་བ་ཡིན་པ་བཀའ་གནང་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།