བོད་མི་གཉིས་དམར་གསོད།
ཟླ་འདིའི་ཕྱི་ཚེས་༡༢ ཉིན་གྱི་དགོང་མོར་ལྡི་ལི་མན་ཇིན་ཊི་ལ་བོད་མིའི་གཞིས་སྒར་གྱི་ཉེ་འགྲམ་དུ་བོད་ཀྱི་རྩོམ་པ་པོ་གྲྭ་པ་ཞིག་དང། རྩོམ་པ་པོ་མི་སྐྱ་ཞིག་གཉིས་ཀྱིས་ཕན་ཚུན་བསད་པའི་དོན་རྐྱེན་བྱུང་ཡོད་པ་རེད།
སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་གནས་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། བོད་མི་དེ་གཉིས་ཕན་ཚུན་རྒྱག་རེས་ཤོར་ནས་གསོད་རེས་བྱས་པ་ཞིག་ཡིན་པ་དང། གྲྭ་པ་དེ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་ཟུང་ཆུང་ཁང་ཚན་ནས་ཡིན་པ་རྩོམ་པ་པོ་རྔ་པ་ཆོས་གྲགས་(བསྟན་འཛིན་ཆོས་གྲགས་)དང་། མི་སྐྱ་དེ་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་(བློ་བཟང་ཆོས་གྲགས་)ཡིན་འདུག
ཁོང་གཉིས་རྒྱག་རེས་ཤོར་རྗེས་གཅིག་བསད་པ་དང་། གཅིག་གིས་སོ་སོར་གྲི་བརྒྱབ་ནས་རང་ཤི་བརྒྱབ་པར་ཚོད་དཔག་བྱེད་ཀྱི་འདུག་ལ། གྲི་གཅིག་ལས་མེད་པ་དང། སྤྲོ་ཚིགས་ཆོས་གྲགས་ལ་གྲིས་མང་པོ་བརྒྱབ་ཡོད་འདུག་ལ། རྔ་པ་ཆོས་གྲགས་ཀྱི་སྐེ་ལ་གྲིས་བརྒྱབ་ནས་གྲོངས་ཡོད་འདུག
ས་གནས་ཀྱི་འབྲེལ་ཡོད་ཅིག་ལ་ཁ་པར་ནང་སྐད་ཆ་དྲིས་སྐབས། གནས་ཚུལ་དེ་བྱུང་བ་དངོས་ཡོད་ཡིན་སྐོར་ལས། ཕན་ཚུན་གསོད་རེས་བྱས་པ་ལས། དོན་རྐྱེན་གང་ཡིན་གསལ་པོ་མེད་སྐོར་འགྲེལ་བརྗོད་བྱས་སོང་།
དོན་རྐྱེན་དེ་བྱུང་ས་མན་ཇིན་ཊི་ལའི་བོད་མིའི་སྡོད་སྒར་གྱི་ཉེ་འགྲམ་ལམ་ཆེན་གྱི་ཟམ་པ་གསར་རྒྱག་བྱེད་བཞིན་པ་དེའི་ཟུར་དུ་ཡིན་པ་དང། ཉེན་རྟོག་པས་མཐོང་སྐབས་གྲྭ་པ་དེ་ཤི་ཟིན་པ་དང་། མི་སྐྱ་དེ་སྨན་ཁང་དུ་འཁྲིད་སྐབས་གྲོངས་ཡོད་འདུག
དོན་རྐྱེན་གང་ཡིན་སོགས་ཀྱི་གནས་ཚུལ་ད་དུང་གསལ་ཁ་མེད་པ་དང་། ཕུང་པོ་རྒྱ་གར་ཉེན་རྟོག་པས་བརྟག་དཔྱད་བྱས་རྗེས་འགྲེལ་བརྗོད་བྱས་པ་ལྟར་ན། སྤྲོ་ཚིགས་ཆོས་གྲགས་ལ་གྲིས་ཐེངས་བཅུ་ཙམ་བརྒྱབ་ཡོད་པ་དང། རྔ་པ་ཆོས་གྲགས་ཀྱི་སྐེ་ལ་གྲིས་བརྒྱབ་སྟེ་བསད་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།