མོན་གྷོ་རུ་བུད་མེད་དུས་དྲུན་སྲུང་བརྩི།

mundgod1ཟླ་འདིའི་ཚེས་༡༢ ཉིན་འཛམ་གླིང་གང་སར་བོད་ཀྱི་བུད་མེད་རང་དབང་སྒེར་ལངས་ཀྱི་ཉིན་མོའི་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ཀྱང་༡༩༥༩ ཟླ་བ་༣ ཚེས་༡༢ བོད་ཀྱི་བུད་མེད་ཚོས་རྒྱ་ནག་ལ་ཞི་བའི་ངོ་རྒོལ་བྱས་པའི་དུས་དྲན་སྲུང་བརྩི་བྱས་ཡོད་པ་རེད།

དུས་དྲན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཕྱོགས་བཞུགས་སྤྱི་འཐུ་ཨ་ཀྲུག་ཚེ་བརྟེན་དང་ས་འཐུས་ཚོགས་གཙོ་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན། ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་བཅས་གཙོས་གྲྭ་ཚང་ཁག་དགུ་གཞིས་གྲོང་ཁག་བཅུའི་སྤྱི་མི་ཕྱག་མཛོད་རྣམ་པ། གཞན་ཡང་བཙུན་དགོན་བྱང་ཆུབ་ཆོས་གླིང་གི་བཙུན་མ་རྣམ་པ་དང་ས་གནས་བུད་མེད་ཚོགས་པའི་ཚོགས་མི་ཡོངས་མཉམ་ཞུགས་བྱས་ཡོད་པ་རེད།

དེ་ཡང་ཐོག་མར་བུད་མེད་ཚོགས་གཙོ་འཚམས་གཅོད་ཀྱིས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཡོངས་ཁྱབ་གསུང་བཤད་སྒྲོགས་སྦྱང་དང་འབྲེལ་དུས་དྲན་ངོ་སྤྲོད་གནང་རྗེས་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་གིས་བུད་མེད་ཚོགས་པའི་དུས་དྲན་སྲུང་བརྩི་དང་འབྲེལ་གསུང་དོན། བོད་ཀྱི་བུད་མེད་རྒན་རབས་ཚོའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་བུད་མེད་ན་གཞོན་ཚོ་ཡིན་ན་ཡང་བུད་མེད་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཞུགས་ནས་བོད་སྤྱི་བའི་རྩ་དོན་ཐོག་ཕྱག་ལས་གང་ཐུབ་གནང་དགོས་སྐོར་དང་། བུད་མེད་ཚོའི་མ་མཐའ་ཡང་བོད་རིགས་གཙང་མ་རེ་སྐྱེ་སྤེལ་བྱེད་དགོས་སྐོར་སོགས་གསུངས་སོང་།

དེ་ནས་ས་འཐུས་ཚོགས་གཙོ་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན་གྱིས་དུས་དྲན་དང་འབྲེལ་གསུང་བཤད་གནང་དོན། དུས་དྲན་སྲུང་བརྩི་ཙམ་མིན་པར་ལོ་རྒྱུས་ཀྱི་བྱུང་རིམ་དང་ད་ལྟའི་མིག་མདུན་གྱི་ཛ་དྲག་གི་གནས་སྟངས་བཅས་སུ་ཐུགས་བསམ་བཞེས་དགོས་སྐོར་དང་། ལྷག་པར་དུ་རང་གཞན་དང་དགྲ་གཉེན་ཕྱོགས་ཡོངས་མ་འགྲིག་པའི་ཆ་གང་དང་གང་ཡོད་མེད་དང་། ལྷག་པར་དུ་འདས་པའི་ནོར་འཁྲུལ་ལ་བལྟས་ནས་བསྒྱུར་བཅོས་གང་གཏོང་དགོས་མིན་བཅས་ཀྱི་ཐོག་བསམ་བློ་ངེས་པར་དུ་བཏང་བའི་ཐོག་ནས་ཕྱག་ལས་གནང་དགོས་གལ་ཆེ་སྐོར་སོགས་གསུངས་སོང་།

སྐུ་མགྲོན་གཙོ་བོ་ཕྱོགས་བཞུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟེན་གྱིས་དུས་དྲན་ཐོག་གཏམ་བཤད་དོན། བོད་ཀྱི་བུད་མེད་ཚོ་འཛམ་གླིང་སྐྱེས་མ་ཚོའི་ནང་ནས་ཡ་རབ་བཟང་སྤྱོད་ཀྱི་རྗེས་ལུས་གཏན་ནས་ཐེབས་མེད་ན་ཡང་། དེང་སང་བུད་མེད་ན་གཞོན་རེ་ཟུང་གིས་ནུབ་ཕྱོགས་པའི་ལད་ཟློས་བྱེད་ནས་སྔོན་ཐོན་ཡིན་བསམ་གྱི་འདུག  འོན་ཀྱང་དེ་ནོར་བ་རེད། ནུབ་ཕྱོགས་པ་ཚོ་ཡ་རབ་བཟང་སྤྱོད་ཧ་ཅང་སྐྱོ་བོ་རེད་ཅེས་དང་། མུ་མཐུད་ནས་གསུང་དོན། བོད་ཀྱི་བུད་མེད་ཚོ་ཤེས་ཡོན་གྱི་རྗེས་ལུས་ཡིན་པས། ༧གོང་ས་མཆོག་གི་བཀའ་དགོངས་བཞིར་བཟུང་ཐོག་ཤེས་ཡོན་ཐོག་ཤུགས་སྣོན་རྒྱགས་དགོས་པ་དང་། དེ་ཡང་༧ གོང་ས་མཆོག་གི་བཀའ་གསུང་ཅི་བསྒྲུབ་ཡིན་ཞེས་ཁ་ནས་བཤད་ཀྱང་དོན་ངོ་མ་བཀའ་བཙོང་གི་ཡོད་པ་དེ་འདྲ་མངོན་གསལ་མཐོང་ཡོང་གི་འདུག  བྱས་ཙང་དེ་འདྲ་ཞིག་མི་ཡོང་པའི་ཐོག་ལ་ང་ཚོ་ཚང་མའི་འབད་བརྩོན་གནང་དགོས་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང།

དེ་ནས་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་ཕོ་མོ་ཡོངས་ཀྱིས་མཚོན་པའི་བོད་བསྟན་སྲིད་ཆེད་ལུས་སྲོག་བློས་གཏོང་བྱེད་མཁན་ཡོངས་ཀྱི་ཆེད་དུ་བཟང་སྤྱོད་སྨོན་ལམ་སོགས་གསུངས་གནང་རྗེས་མཛད་སྒོ་གྲོལ་ཡོད་པ་རེད།

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།