སྦེལ་རྗམ་དུ་ཞི་བདེའི་གཟེངས་རྟགས་དུས་དྲན།
ཟླ་འདིའི་ཚེས་༡༢ ཉིན་ཡོ་རོབ་སྦེལ་རྗམ་གྱི་རྒྱལ་ས་བྷུ་རུ་སལ་ནས་སྦེལ་ལྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་གོ་སྒྲིག་འོག ༸གོང་ས་མཆོག་ལ་འཛམ་གླིང་ཞི་བདེ་གཟེངས་རྟགས་ཕུལ་ནས་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་ཚོགས་ཡོད་པ་རེད།
མཛད་སྒོའི་ཐོག་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་སྐུ་པར་མཐོང་གྲོལ་རིན་པོ་ཆེར་ མི་མང་གིས་མཇལ་དར་ཕུལ་བ་དང་། ༸གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་ཕུལ་བཞེས་ཀྱི་ཉིན་མོའི་གློག་བརྙན་མི་མང་ལ་བསྟན་ཡོད་པ་རེད། མཛད་སྒོ་གོ་སྒྲིག་ཚོགས་པའི་འགན་འཛིན་བློ་བཟང་དབང་འདུས་ཀྱིས་དུས་དྲན་ངོ་སྤྲོད་དང་འབྲེལ། ས་གནས་སུ་ཡོད་པའི་བོད་རིགས་རྣམས་ཀྱིས་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་དང་། ལམ་སྟོན་ལག་བསྟར་གྱིས་བོད་མིའི་རིག་གནས་རྒྱུད་འཛིན་དགོས་པ་དང་། དེའི་ཆེད་དུ་སྦེལ་རྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་སློབ་གསོ་དང་། རིག་གཞུང་ཟབ་སྦྱོང་། དུས་དྲན་སྲུང་བརྩི་སོགས་སྐབས་བབ་དུས་བསྟུན་ངང་བྱེད་བཞིན་ཡོད་པ། ས་གནས་ཀྱི་བོད་ཕྲུག་སློབ་མ་དང་། ཕ་མ་དགེ་རྒན་ཚང་མས་ཕྱར་བ་གྲུ་འདེགས་ཀྱིས་ད་བར་ཚོགས་པར་རྒྱབ་སྐྱོར་དང་། འགན་ལེན་བྱས་པར་ལེགས་གསོལ་དང་མ་འོངས་པར་ཡང་སྔར་ལས་ལྷག་ཡོང་བར་རེ་སྐུལ་བྱས་སོང་།
མཛད་སྒོའི་སྐུ་མགྲོན་གཙོ་བོ་སྦེལ་རྗམ་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ་ཀརྨས་མཛད་སྒོའི་ཐོག་༸གོང་ས་སྐྱབས་མགོན་ཆེན་པོར་ཞི་བདེའི་གཟེངས་རྟགས་ཕུལ་བའི་དུས་དྲན་སྲུང་བརྩི་བྱེད་པ་ལས་ལྷག་པའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གང་གནང་བ་ལ་བོད་མི་རྣམས་ཀྱིས་དུས་རྒྱུན་དུ་དོ་སྣང་དང་། ལག་ལེན་བྱ་རྒྱུ་ནི་གལ་ཆེན་དོན་ཆེན་ཡིན་སྐོར་སོགས་གསུངས་སོང་།
དེ་མིན་དུས་དྲན་མཛད་སྒོའི་ཐོག་བོད་ཀྱི་གླུ་བ་བློ་བཟང་བདེ་ལེགས་དང་། ས་གནས་ཡུལ་མི་སེ་ཊེ་ཟིན་རོལ་དབྱངས་ཚོགས་པ་བཅས་ཀྱིས་གླུ་དབྱངས་བཏང་བ་དང་། སྦེལ་རྗམ་ཆོས་རིག་འཛིན་སྐྱོང་ཁང་གིས་བཙུགས་པའི་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་བོད་རིགས་སློབ་མ་ཚོས་གཞས་སྣ་འཁྲབ་པ་མ་ཟད། ལོ་ ༡༨ མན་གྱི་བོད་རིགས་སློབ་ཕྲུག་གི་གླུ་གཞས་འགྲན་སྡུར་ཞིག་ཀྱང་བྱས་ཡོད་པ་རེད།
ཚོད་དཔག་བྱས་པ་ལྟར་ན་སྦེལ་རྗམ་རྒྱལ་ཁབ་དུ་བོད་མི་༣༠༠༠ བརྒལ་བ་ཞིག་ཡོད་པས། ཡོ་རོབ་ཁུལ་གྱི་བོད་མི་མང་ཤོས་ཀྱི་རྒྱལ་ཁབ་ཨང་གཉིས་པ་དེ་ཡིན། ས་གནས་སུ་བོད་མིའི་ཚོགས་པ་དང་སྐྱིད་སྡུག་ཀྱང་གང་མང་ཞིག་ཡོད་པ་རེད་ལ། ས་གནས་སྐུ་ཚབ་དོན་གཅོད་ཕུད་པའི། བོད་རིགས་ཚོགས་པ་དང་། མདོ་སྟོད་ཆུ་བཞི་སྒང་དྲུག གཞོན་ནུ་ཚོགས་པ། སྦེལ་རྗམ་ཆོས་རིག་འཛིན་སྐྱོང་ཁང་བཅས་ནི་དུས་རྒྱུན་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་མཁན་གྱི་གྲས་ཤིག་ཡིན་པ་དང་། སྦེལ་རྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་ཆེད་དུ་བོད་མིའི་སློབ་གསོ་དང་འབྲེལ་བའི་ཐད་འགན་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་རེད། ས་གནས་ཀྱི་སྤྱི་ཚོགས་དང་ཡུལ་དུས་གནས་བབས་ཀྱི་རྐྱེན་པས་བོད་མི་རྣམས་ཀྱིས་དུས་དྲན་མཛད་སྒོ་ཁག་དུས་ཚོད་ཏག་ཏག་ཞིག་བསྒྲིགས་ནས་སྲུང་བརྩི་བྱེད་ཁག་པོ་ཡིན་པས། ཉིན་རེ་གཉིས་རེ་སྔ་སྣུར་ཕྱིར་འགྱངས་བྱེད་དགོས་ཐུག་གི་ཡོད་པ་རེད་ལ། སྦེལ་རྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ནི་ཆེད་དུ་བོད་མིའི་ཆོས་དང་རིག་གནས་སོགས་རྒྱུད་འཛིན་ཡོང་ཐབས་སུ་ཕྱི་ལོ་ ༢༠༠༨ ལོར་གསར་འཛུགས་བྱས་ཤིང་། ༢༠༡༡ ལོར་སྦེལ་རྗམ་གཞུང་ལ་དེབ་སྐྱེལ་གྱིས་ཁྲིམས་མཐུན་ཏུ་བསྒྱུར། ས་གནས་ཀྱི་བོད་རིགས་གཞོན་སྐྱེས་རྣམས་དང་དམིགས་བསལ་བོད་རིགས་སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་གཙོར་བཟུང་ཐོག ཆོས་དང་རིག་གནས། ཡ་རབས་བཟང་སྤྱོད་སོགས་མི་ཉམས་རྒྱུད་འཛིན་སླད་སྐབས་བབ་དུས་བསྟུན་གྱིས་ལས་འགུལ་སྤེལ་བཞིན་ཡོད་པ་རེད།
གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས་སྦེལ་རྗམ་རྒྱལ་ས་བྷུ་རུ་སལ་(Brussel)ནས།
