ཡུ་རོབ་སྦེལ་ལྗམ་དུ་དབྱར་དུས་བོད་ཀྱི་རིག་གཞུང་ཟབ་སྦྱོང་ཐེངས་ལྔ་པ།

photo 2སྦེལ་ལྗམ་དུ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་གོ་སྒྲིག་འོག ཕྱི་ཟླ་༨ པའི་ཚེས་ ༢ ནས་ཕྱི་ཚེས་༨ བར་དབྱར་དུས་བོད་ཀྱི་རིག་གཞུང་ཟབ་སྦྱོང་ཐེངས་ལྔ་པ་དེ་འཚོགས་ཡོད་པ་དང་།  ཟབ་སྦྱོང་མཇུག་བསྡུའི་མཛད་སྒོར་སྦེལ་རྗམ་བོད་ཀྱི་དོན་གཅོད་དངོས་གྲུབ་རྡོ་རྗེས་རང་མི་རིགས་ཀྱི་སྐད་ཡིག་རིག་གཞུང་སོགས་ཅི་འདྲའི་གལ་ཆེ་ལུགས་སྐོར་གྱི་ལམ་སྟོན་གསུང་བཤད་གནང་ཡོད་པ་རེད།

སྦེལ་ལྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ནས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཆོས་རིག་འཛིན་སྐྱོང་ཁང་དེ་ཕྱི་ལོ་ ༢༠༠༨ ལོར་ཐོག་མར་གསར་འཛུགས་བྱས་པ་དང་།  ཕྱི་ལོ་ ༢༠༡༡ ལོར་གནས་ཡུལ་སྦེལ་ལྗམ་གཞུང་ལ་དེབ་སྐྱེལ་བྱས་པའི་ཁྲིམས་མཐུན་གྱི་ཚོགས་པ་ཞིག་ཡིན་འདུག

photo 3ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༢ པའི་ཚེས་ ༡༠ ཉིན་ཚོགས་ཁོངས་སུ་ཤེས་ཡོན་ཚོགས་ཆུང་ཞིག་ཟུར་བཙུགས་དང་།  ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༢ པའི་ཚེས་༢༧ ཉིན་༧གོང་ས་སྐྱབས་མགོན་ཆེན་པོས་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་སློབ་གྲྭར་ (འཇམ་དབྱངས་བློ་འཕེལ་) ཞེས་མཚན་གནང་།  ད་ལྟ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་སྦེལ་ལྗམ་ས་གནས་ཁག་བཞི་རུ་སློབ་གྲྭ་བཞི་བཙུགས་ཏེ། སློབ་ཕྲུག་བརྒྱ་ཕྲག་ལྷག་ཅིག་ལ་བོད་ཀྱི་སྐད་ཡིག་གིས་གཙོས་ཡུལ་སྲོལ་གོམས་གཤིས་སོགས་སློབ་ཁྲིད་སོགས་བྱེད་ཀྱི་ཡོད་པ་དང་།  སྦེལ་རྗམ་ནས་འཚར་ལོངས་བྱུང་བའི་བོད་ཀྱི་བུ་རབས་ཚ་རྒྱུད་རྣམས་བོད་ཤེས་ལྡན་མི་སྣར་བསྐྲུན་རྒྱུ་དང་།  གཞན་ཡུལ་འགྲིམ་པའི་དགོས་དོན་བཅས་འགྲུབ་རྒྱུའི་ཆེད་ཁོ་ནར་དམིགས་ཏེ་དབྱར་དུས་བོད་ཀྱི་རིག་གཞུང་ཟབ་སྦྱོང་ལོ་ལྟར་འཚོག་གི་ཡོད་པ་རེད།

ན་ནིང་ནས་ཕ་སྐད་འགྲན་ཚོགས་ཤིག་ཀྱང་གོ་སྒྲིག་ཞུས་པ་དང་། ད་ལོ་ཡང་སྦེལ་ལྗམ་གྱི་ས་གནས་ཤིག་ཏུ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་གོ་སྒྲིག་འོག་ཕྱི་ཟླ་༨ པའི་ཚེས་ ༢ ནས་ཕྱི་ཚེས་༨ བར་གཟའ་འཁོར་གཅིག་རིང་དབྱར་དུས་བོད་ཀྱི་རིག་གཞུང་ཟབ་སྦྱོང་ཐེངས་ལྔ་བ་དེ་སྤྲད་པ་དང་།  སློབ་གྲྭ་ཁག་བཞིའི་སློབ་མ་སུམ་ཅུ་ལྷག་གིས་གཞས་སྣ་ཞབས་བྲོ་གཟིགས་འབུལ་དང་།  དེ་བཞིན་གཞོན་སྐྱེས་ཁག་ཅིག་ཀྱང་སྲོལ་རྒྱུན་བོད་ཀྱི་གཞས་ཞབས་བྲོ་དང་དེང་རབས་ཞབས་བྲོ་གཟིགས་འབུལ་ཞུས་ཏེ་ཐེངས་ལྔ་བའི་ཟབ་སྦྱོང་གི་ལས་རིམ་ཡོངས་སུ་མཇུག་བསྡུས་ཡོད་པ་རེད།།