རྒྱ་ནག་གི་དཔོན་པོ་ཟུར་པ་ཀྲུའུ་ཡོང་ཁང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག

རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་དམར་ཤོག་སྐབས་བཅུ་བདུན་པའི་དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་དང་སྲིད་ཁྲིམས་ལྷན་ཁང་གི་དྲུང་ཆེ་ཟུར་པ་ཀྲུའུ་ཡོང་ཁང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ཚེ་གོང་བོར་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་རྒྱུ་དང་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེེས་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད།

B34F1D62-6825-4619-B8A8-1167F96BE5BC_cx0_cy6_cw0_mw1024_s_n_r1རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༡ རེས་གཟའ་ཕུར་བུའི་ཉིན། ཐའེ་ཅིན་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཀྲུའུ་ཡོང་ཁང་ལ་ལྐོག་དངུལ་ལེན་པ་དང་། དབང་ཆ་ལོག་སྤྱོད། རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་པའི་ཉེས་མིང་འོག ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ཚེ་གོང་བོར་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་རྒྱུ་དང་། སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་འདུག་ལ། རྒྱ་ནག་དབུས་བརྙན་འཕྲིན་ལས་ཁུངས་ཀྱིས་ཕྱི་ཚེས་༡༡ ཉིན་གྱི་གསར་འགྱུར་མཉམ་བསྒྲགས་ལེ་ཚན་ནང་། ཀྲུུའུ་ཡོང་ཁང་ཁྲིམས་རར་ཡོད་པའི་བརྙན་པར་ཞིག་ཕྱིར་བསྟན་ཡོད་འདུག

ཐེངས་འདིའི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཀྲུའུ་ཡོང་ཁང་གི་གྱོད་གཞི་རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་ཡོད་པའི་རྐྱེན་གྱིས། ཡོངས་གྲགས་ཐོག་ཁྲིམས་ར་འཚོགས་ཏེ་ཁྲིམས་ཞིབ་བྱས་མེད་ལུགས་བརྗོོད་ཡོད་པ་མ་ཟད། ཀྲུའུ་ཡོང་ཁང་གིས་ཁྲིམས་རའི་ཡུལ་དངོས་སུ་ཁོང་གི་ཁྲིམས་ཐག་ལ་འདོད་པ་ཁེངས་པ་དང་། བསྐྱར་དུ་གཏུག་བྱ་རྒྱུ་མིན་སྐོར་བརྗོད་ཡོད་པ་རེད།

འོན་ཀྱང་། ཐེངས་འདིར་རྒྱ་ནག་གཞུང་གིས་ཀྲུའུ་ཡོང་ཁང་ལ་ཡོངས་གྲགས་ཐོག་ཁྲིམས་ཞིབ་མ་བྱས་པར་ཁྲིམས་ཐག་གཅོད་པ་དེ་ནི། མི་ཧ་ཅང་མང་པོ་ཞིག་གི་ཚོད་དཔག་ལས་བརྒལ་ཡོད་པ་དང་། རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་ཡོད་པའི་ཕྱོགས་གཅིག་གསང་བའི་ཐོག་ནས་ཁྲིིམས་ཞིབ་བྱ་སྲིད་ཀྱང་། ལྐོག་རྔན་དང་དབང་ཆ་ལོག་སྤྱོད་དང་འབྲེལ་བའི་ཕྱོགས་དེ་པའོ་ཞི་ལེ་དང་འདྲ་བར། ཡོངས་གྲགས་ཐོག་ཁྲིམས་ཞིབ་བྱ་སྲིད་པའི་ཚོད་དཔག་བྱེད་མཁན་མང་པོ་བྱུང་ཡོད། ཡིན་ནའང་བསམ་ཡུལ་ལས་འདས་པ་ཞིག་ལ་ཁྲིམས་རའི་བརྒྱུད་རིམ་ཆ་ཚང་ཡོངས་གྲགས་མ་བྱས་པར་གསང་བའི་ཐོག་ནས་ཁྲིམས་ཞིབ་བྱས་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱས་པ་ལྟར་ན། ཀྲུའུ་ཡོང་ཁང་མ་ལ་ཁྲིམས་ཞིབ་བྱས་པའི་རྣམ་པ་ཡོངས་གྲགས་མ་བྱས་པའི་རྒྱུ་མཚན་ཆེ་ཤོས་ནི། གལ་སྲིད་པའོ་ཞི་ལེ་དང་འདྲ་བར་ཀྲུའུ་ཡོང་ཁང་ལ་ཡོངས་གྲགས་ཐོག་ཁྲིམས་ཞིབ་བྱས་པ་ཡིན་ན། ཀྲུའུ་ལ་སྐད་ཆ་མི་སྙན་པ་མང་པོ་ཞིག་བཤད་རྒྱུའི་གོ་སྐབས་སྤྲད་པ་ཞིག་ཡིན་ཞིང་། རྒྱ་ནག་དམར་ཤོག་ཚོགས་པའི་གཟུགས་བརྙན་ལའང་གནོད་སྐྱོན་གཏོང་སྲིད་པར་བརྟེན། གསང་བའི་སྒོ་ནས་ཁྲིམས་ཞིབ་བྱས་ཏེ་ཁྲིམས་ཐག་ཁྱབ་བསྒྲགས་བྱས་པ་ཞིག་ཡིན་པ་དང་། དེ་ནི་རྒྱ་ནག་གི་ཁྲིམས་ལུགས་ཀྱི་ངོས་ནས་བཤད་ན་ཡར་རྒྱས་ཀྱི་རྣམ་པ་མེད་པའི་ཕྱིར་བཤོལ་བྱས་པ་ཞིག་ཡིན་འདུག

རང་ལོ་༧༣ ཡིན་པའི་ཀྲུའུ་ཡོང་ཁང་ནི་འདས་པའི་ལོ་༣༠ རིང་ཁྲིམས་ཞིབ་བྱས་པའི་རྒྱ་ནག་དམར་ཤོག་གི་རིམ་པ་ཆེས་མཐོ་ཤོས་ཀྱི་དཔོན་རིགས་ཐོག་མ་དེ་ཆགས་ཡོད་པ་དང་། ཁོང་གིས་དེ་སྔར་རྒྱ་ནག་རྡོ་སྣུམ་རུ་ཁག་གི་འགན་ཁུར་མི་སྣ་གཙོ་གྲས་དང་། སི་ཁྲོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ། རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས། དབུས་སྲིད་ཁྲིམས་ལྷན་ཁང་གི་དྲུང་ཆེ་སོགས་ཀྱི་འགན་ཁུར་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་སྒྲོམ་གཞིའི་སྲོག་ཤིང་གི་ནང་དུ་སླེབས་ཡོད་ཀྱང་། ཞི་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་སྟག་རྒན་དང་སྦྲང་མ་མཉམ་དུ་གསོད་པའི་རུལ་སུངས་ལ་རྒོལ་རྡུལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་བའི་ཁྲོད། གོ་གནས་ལས་ཟགས་ཏེ་ཁྲིམས་ཆད་ཕོག་པའི་དཔོན་པོ་རིམ་པ་མཐོ་ཤོས་ཡིན་པ་མ་ཟད། དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་ལ་ཁྲིམས་བཤེར་མི་ནུས་པའི་སྲོལ་རྒྱུན་གཏོར་ས་དེའང་ཁོང་ཆགས་ཡོད་པ་རེད།།

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།