བཀའ་བརྒྱུད་དོན་གྲུབ་ཆེས་མཐོའི་ཁྲིམས་ཞབས་པར་འདེམས་ཐོན།
ཟླ་འདིའི་ཚེས་༡༣ ཉིན་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག བཀའ་བརྒྱུད་དོན་གྲུབ་ཁྲིམས་ཞིབ་པ་ཆེ་བར་འདེམས་ཐོན་བྱུང་ཡོད་པ་རེད།
དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་དགོངས་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོའི་གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་ཚོགས་ཆུང་བཙུགས་སྟེ། ཚོགས་ཆུང་དེས་ཁྲིམས་ཞབས་པའི་འོས་མི་བསྐོ་བཞག་བྱེད་ཀྱི་ཡོད་པ་ལྟར། རྩིས་ཞིབ་འགན་འཛིན་བཀའ་བརྒྱུད་དོན་གྲུབ་ལ་དང་། སྤྱི་འཐུས་ལས་ཐོག་པ་པདྨ་འབྱུང་གནས་ལ་འོས་མིར་བསྐོས་ཏེ། གྲོས་ཚོགས་ནང་འོས་ཤོག་བླུགས་པ་དང་། ཚོགས་བཅར་བ་སྤྱི་འཐུས་ ༣༣ ཡོད་པ་ལས། བཀའ་བརྒྱུད་དོན་གྲུབ་འོས་གྲངས་༡༩ དང། པདྨ་འབྱུང་གནས་འོས་གྲངས་༡༤ ཐོབ་པར་བརྟེན། བཀའ་བརྒྱུད་དོན་གྲུབ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བར་འདེམས་ཐོན་བྱུང་ཡོད་པ་རེད།
སྐུ་ཞབས་བཀའ་བརྒྱུད་དོན་གྲུབ་ནི་ཕྱི་ལོ་ ༡༩༥༧ ཟླ་ ༡༡ ཚེས་ ༡༥ ཉིན་སྟོད་མངའ་རིས་སུ་སྐྱེས་པ་དང་། ཕྱི་ལོ་ ༡༩༥༩ ལོར་ཕ་མ་སྤུན་མཆེད་དང་ལྷན་བཙན་བྱོལ་དུ་འབྱོར། ཕྱི་ལོ་ ༡༩༧༦ ནས་ ༡༩༧༩ བར་རྩིས་རིག་ཐོག་མཐོ་སློབ་ཏུ་ཕྱི་པ་དང། སྔ་ཕྱིར་བོད་གཞུང་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་སུ་ལས་ཀ་བྱས་པ་དང་། ཕྱི་ལོ་༢༠༠༡ ཨ་རིར་རྩིས་དང་དཔལ་འབྱོར་རིག་པའི་སྐོར་སློབ་སྦྱོང་གནང་། ༢༠༠༤ ལོ་ནས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ཞིབ་སྤྱི་ཁྱབ་པའི་ལས་འཁུར་ཞུས་ཡོད་པ་རེད།།
