དུས་དབང་ཕར་འགྱངས་ཀྱི་རྒྱུ་མཚན་ཐོག་ཚོགས་གཙོ་དང་བཀའ་ཤག་གཉིས་གཅིག་གྱུར་མ་བྱུང་བ།

དུས་དབང་ཕར་འགྱངས་སྐོར་དེ་༸གོང་ས་མཆོག་གིས་བཀའ་སློབ་གསལ་ཕེབས་ཡོད་པ་དེ་དག་དང་ཡེ་ནས་མི་མཐུན་པའི་རྒྱུ་མཚན་གཞན་ཞིག་ཡོད་ཚུལ་བཤད་པ་ནི། བདེན་པ་མིན་པ་ཙམ་དུ་མ་ཟད། མང་ཚོགས་དང་སྒྲིག་འཛུགས་ལ་འགན་འཁུར་མ་གནང་བ་ཞིག་ཀྱང་རེད་ཅེས་བཀའ་ཤག་གིས་བསྒྲགས་སོང་།

kashak1ཟླ་འདིའི་ཚེས་༥ ཉིན་སྔ་དྲོ་དྷ་ས་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་བཀའ་ཤག་གིས་དུས་དབང་ཕར་འགྱངས་དགོས་དོན་དེ་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གིས་གསུངས་པ་ལྟར་མིན་པའི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་པ་དང་། སྐབས་དེར་བཀའ་དྲུང་གཡུ་ཐོག་ཀརྨ་མ་དགེ་ལེགས་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ། དྲིལ་བསྒྲགས་དྲུང་ཆེ་དང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བཀྲ་ཤིས་ཕུན་ཚོགས་བཅས་ཕེབས་ཡོད་པ་རེད།

སྤྱི་འཐུས་ཚོགས་གཙོ་ལས་ཐོག་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གིས་ཁོང་འོས་མིར་བཞེངས་དགོས་པའི་དམིགས་ཡུལ་སྐོར་གྱི་གཏམ་བཤད་ཨ་རིའི་མི་ནི་སོ་ཊར་གནང་སྐབས། ཁོང་གིས་དུས་དབང་ཕྱིར་འགྱངས་སྐོར་གྱི་དྲི་བ་ཞིག་གི་ལན་དུ་གསུང་དོན། “༧རྒྱལ་བ་རིན་པོ་ཆེས་བཀའ་གནང་བ་དེ་དགོས་པའི་དབང་གིས་གསུངས་པར་ངས་ངོས་འཛིན་བྱེད་ཀྱི་ཡོད། ངས་དེ་ལ་བརྩི་ཡི་ཡིན་ཞུས་ན། ད་དུང་དེའི་སྐོར་གསལ་པོ་བཟོ་དགོས་པ་ཞིག་གཟིགས་ཀྱི་ཡོད་ན། དུས་འཁོར་དབང་ཆེན་དེ་བཀའ་ཤག་གིས་ཡར་ཞུས་ནས་༧གོང་ས་སྐྱབས་མགོན་ཆེན་པོས་ཞལ་བཞེས་གནང་བ་རེད། ལས་རིམ་དེ་ཚོ་བང་བསྒྲིགས་ནས་ཕྱི་ཟླ་༨ བར་དུ་སོང་བ་དང་། དེའི་སྔོན་སྐུའི་གྱ་སྟོན་གྱི་མཛད་རིམ་ཡོད་པ། དེ་རྗེས་དབྱིན་ཡུལ་དང་།  ཨ་རི་ལ་ཆིབས་བསྒྱུར། དྷ་ས་དང་། ལྷོ་ཕྱོགས་སོགས་ལ་གསུང་ཆོས་ཡོད་པ་འཛིན་སྐྱོང་གིས་སྔོན་ནས་མཁྱེན་གྱི་ཡོད་པ་རེད། འཛིན་སྐྱོང་བཀའ་ཤག་གིས་དུས་དབང་སྐབས་གཞུང་འབྲེལ་ལས་གཞུང་འབྲེལ་མ་ཡིན་པའི་ལས་རིམ་དེ་གྲ་སྒྲིག་བྱེད་རྒྱུ་མིན་པ་ངས་སྔོན་ནས་གོ་སོང་། དྷ་སའི་སྒྲིག་འཛུགས་ཤིག་གིས་བརྟན་བཞུགས་ཕུལ་རྒྱུ་ཡིན་པ་༧གོང་ས་མཆོག་ལ་སྔོན་ནས་ཞུས་པ་དང་། ༧གོང་ས་མཆོག་གིས་ཞལ་བཞེས་གནང་ནས་བརྟན་བཞུགས་དེ་དུས་དབང་སྐབས་བང་བསྒྲིགས་ཤོག་གསུངས་པ་དེ་བཀའ་ཤག་གིས་དེ་མ་འགྲིག་པ་གཟིགས་ནས་ལས་རིམ་ནང་བཅུག་ཐུབ་ཀྱི་མེད་པའི་གནས་སྟངས་ཆགས་རེད། དེ་ནས་བཀའ་ཤག་དང་དགའ་ལྡན་ཕོ་བྲང་བར་བཀའ་མོལ་བྱུང་འདུག ད་དུང་གནས་ཚུལ་གཞན་པ་ཁ་ཤས་ཡོད་རེད། དེ་ཚོ་འདིར་བཤད་ནས་ཆོ་ཞིག་ཡོད་མ་རེད། ཕྱི་ཟླ་༨ ཚེས་༢༧ ཉིན་༧གོང་ས་མཆོག་ལ་སྙན་སེང་ཞུ་སྐབས། ༧སྐྱབས་མགོན་རིན་པོ་ཆེས་དུས་དབང་དེ་ཆབ་སྲིད་ཆགས་ཀྱི་འདུག་ཟེར་གྱི་འདུག་ལ། ཆབ་སྲིད་ངོ་མ་ཆགས་ཀྱི་འདུག དེ་འདྲ་ཡིན་ན་ཕར་འགྱངས་ཞོག་ཞེས་དགོངས་པ་ཏོག་ཙམ་འཚོམས་པའི་གནས་སྟངས་ངས་ཤེས་སོང་།  ཕྱི་ཉིན་ཁོང་གིས་ཁ་སང་ངས་དྲག་པོའི་ཐོག་ནས་བཤད་པ་རེད། དེ་རིང་ང་འཇམ་པོའི་ཐོག་ནས་ཡིན་ཞེས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་གཉིས་མར་བཀའ་ཤག་ལ་བཏང་རེད། བཀའ་ཤག་གིས་ཀྱང་དུས་དབང་ཕར་འགྱངས་བྱེད་རྒྱུ་ཐག་བཅད་ཚར་ཡིན་ཞེས་གསུངས་འདུག དེའི་སྐབས་ཕྱི་ཟླ་༨ ཚེས་༢༩ ལ་ང་ཀ་ལི་མན་ཊོན་ལ་ཡོད། སྐབས་དེར་སྲིད་སྐྱོང་གིས་ཞལ་པར་ཕེབས་སོང་། དུས་དབང་སྐོར་དེ་ཡར་དགའ་ལྡན་ཕོ་བྲང་ལ་ཞུས་ཡིན། ཕར་འགྱངས་བྱེད་རྒྱུའི་ཞལ་བཞེས་བྱུང་སོང་ཟེར། གནད་དོན་དེ་དང་འདི་ཡིན་གསུང་གི་འདུག དེའི་སྐབས་ཡར་ཞུ་ཡ་དེ་བཀའ་ཤག་རེད་ཨ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱིས་ཞུས་ཡོད་པ་མ་རེད། མར་ཐོན་སྟངས་དེ་མཉམ་དུ་ཐོན་དགོས་པ་རྒྱུ་མཚན་འདྲ་མེད་འགྲོ་བསམ་སོང་། མར་ཐོན་སྟངས་ཀྱི་བརྒྱུད་རིམ་བཀའ་ཤག་གིས་གསུངས་པ་དེ་རེད། བྱུང་སྟངས་དེ་ངས་བཤད་བཞག་པ་དེ་རེད་”ཅེས་གསུངས་ཡོད་པ་རེད།

གསར་འགོད་གསལ་བསྒྲགས་དེ་མགྲིན་ཚབ་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་སྒྲོགས་སྦྱང་གནང་བའི་ནང་། “ཁྱད་མཁས་སྨན་པས་སློབ་སྟོན་རིམ་འབུལ་ཞུས་པ་དང་། ༸གོང་ས་མཆོག་ཉིད་ནས་ཐུགས་དམ་བརྟག་པ་ལན་མང་མཛད་པ། ༸གོང་ས་མཆོག་སྐུ་ངོ་མ་ནས་མང་ཚོགས་ལ་བཀའ་སློབ་གསལ་རྗེན་སྔ་རྗེས་གཉིས་ཕེབས་ཡོད་པ་བཅས་ལ་གཞི་རྩ་བཟུང་སྟེ། སྨན་བཅོས་འཕྲོད་བཞེས་གནང་བའི་ཆེད་དུ་དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་བ་ཞིག་རེད་ཅེས་ངེས་བཟུང་གིས་ནན་བརྗོད་ཞུ་རྒྱུ་དེ་ཁོ་ན་ལས། བཀའ་ཤག་ལ་དེ་མིན་པའི་རྒྱུ་མཚན་འགྲེལ་བརྗོད་ཞུ་རྒྱུ་གཞན་གང་ཡང་མེད་”ཅེས་འཁོད་ཡོད་པ་རེད།

speakerཟླ་འདིའི་ཚེས་༥ ཉིན་བཀའ་ཤག་གིས་གསལ་བསྒྲགས་ཚར་པ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་ལ་དེའི་ཐོག་དགོངས་ཚུལ་ག་རེ་ཡོ་ཅེས་བཅར་འདྲི་བྱས་པར། ཁོང་གིས། “ནིའུ་ཡོག་དང་ནིའུ་ཇན་སིའི་ནས་དེའི་སྐོར་དྲི་བ་ཡོང་སྐབས། སྤྱིར་བཏང་ངས་གནས་ཚུལ་ཆ་ཚང་ཤེས་ཀྱི་ཡོད། ཡིན་ཡང་༧སྤྱི་ནོར་གོང་ས་མཆོག་གིས་བཀའ་སློབ་གནང་གྲུབ་པས། ངས་དེ་ལ་སྲུང་བརྩི་བྱས་ནས་བཤད་རྒྱུ་མིན་ཞུས་པ་རེད། ཡིན་ཡང་མེ་ནི་སོ་ཊར་སླེབས་དུས་མི་ཞིག་གིས་ནན་ཏན་གྱིས་ཚོགས་གཙོས་སྐད་ཆ་རྩ་བའི་ཆིག་སྒྲིལ་སྐོར་གསུང་གི་འདུག་ཀྱང་། མང་ཚོགས་ནང་མ་མཐུན་པ་མང་པོ་ཞིག་ཆགས་ཀྱི་འདུག གསལ་བཤད་དགོས་ཀྱི་འདུག་གསུངས་པ་རེད། དེའི་སྐབས་ངས་གང་ཤེས་པ་དེ་བཤད་པ་རེད། དེ་རིང་བཀའ་ཤག་གིས་གསལ་བཤད་ཅིག་གནང་ཡོད་པ་དང་། ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོས་གསུངས་ཡོད་པས། དེའི་ཐོག་མང་པོ་བཤད་རྒྱུའི་འདོད་པ་མེད། དེ་རིང་འདི་མཐའ་མ་ཡིན། དེའི་རྗེས་རྒྱ་གར་ནང་ང་སྐོར་བསྐྱོད་ལ་འགྲོ་དགོས་པས། མང་ཚོགས་ནང་དྲི་བ་ག་རེ་སླེབས་ཀྱང་དེའི་ཐོག་ངས་ལན་རྒྱག་གི་མིན། དེ་རིང་གི་གསལ་བཤད་ནང་ང་ཚོ་མ་མཐུན་པ་དེ་ན་ནིང་ཕྱི་ཟླ་༨ ཚེས་༣༠ ཉིན་སྲིད་སྐྱོང་གི་ཁ་པར་ང་ལ་སླེབས་པ་རེད། གནད་དོན་གཞན་པ་ཚང་མ་འགྲིག་གི་འདུག གཅིག་པ་རེད། ཡིན་ཡང་དེའི་སྐབས་ཞུ་སྟངས་དེ་འདི་འདྲ་ཆགས་སོང་ཞེས་གསལ་པོ་གསུངས་ན། ངས་དེ་འདྲ་བཤད་དགོས་དོན་ཡོད་པ་མ་རེད། དེ་རིང་འདིའི་ནང་བཀའ་ཤག་གིས་ཡར་ཞུས་པ་མ་ཡིན་པ་དང་། ༧སྤྱི་ནོར་གོང་ས་མཆོག་གི་དགོངས་པ་ལྟར་དྲུང་ཆེ་གཉིས་མར་བཏང་བ་ཡིན་པ་གསུངས་ཡོད་རེད། མར་ཐོན་སྟངས་དེ་ག་འདྲ་ཐོན་དགོས་བཀའ་ཤག་གིས་གསོལ་འདེབས་ཞུས་པ་ཡིན་སྐོར་གསལ་ཡོད་དུས། མང་ཚོགས་ནང་གླེང་སློང་བྱུང་བ་རེད།  ཚོགས་གཙོས་དེའི་ཐོག་མང་ཚོགས་ལ་གང་ཡང་ཞུས་མེད། ཡིན་ཡང་ཕྱི་ཟླ་༨ ཚེས་༢༧ དང་ཚེས་༢༨ ཉིན་ལ་ག་རེ་བྱུང་ཡོད་མེད་དང་། ཚེས་༢༩ ལ་དྲུང་ཆེ་གཉིས་མར་ཕེབས་ནས་གསལ་བཤད་གནང་བ་སྲིད་སྐྱོང་གིས་ང་ལ་གསུངས་ཡོད་ན། ངས་ད་ལྟ་ཞུ་དགོས་པའི་གནས་སྟངས་དེ་བྱུང་ཡོད་པ་མ་རེད། ང་ལ་ནང་དོན་གསལ་པོ་གསུངས་མེད་པ་དང་། བཀའ་ཤག་གིས་ཡར་གསོལ་འདེབས་ཞུས་ཡིན་ཟེར་བ་དེ་ཏག་ཏག་སྡོད་ཀྱི་མེད་པ་དེར་མང་ཚོགས་ནང་བསམ་ཚུལ་བྱུང་བ་དེའི་ཐོག ངས་གསལ་བཤད་བྱས་པ་རེད་མ་གཏོགས། བཀའ་ཤག་ལ་མ་བརྩིས་པ་དང་། ངའི་སྒེར་གྱི་ཁེ་ཕན་ཆེད་དེ་འདྲ་བྱས་པ་རྩ་བ་ནས་མིན་”ཞེས་གསུངས་སོང་།

གསར་འགོད་གསལ་བསྒྲགས་དེའི་ནང་། དེང་སྐབས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་འགྲོ་བཞིན་ཡོད་པ་དང་ལྷན་ཅིག་ཏུ་བོད་དང་བོད་མིའི་གནད་དོན་མང་པོའི་ཐོག་གཏམ་བཤད་དང་། བགྲོ་གླེང་། རྟོག་དཔྱོད་བཅས་ཀྱང་གང་མང་ཡོང་བཞིན་ཡོད་པ་དང་། སྤྱི་ཚོགས་དྲྭ་རྒྱ་སོགས་མང་ཚོགས་ཀྱི་བརྒྱུད་ལམ་ཁག་ཅིག་ཏུ་ཐོན་གསལ་ལྟར་བྱས་ན། སྲིད་སྐྱོང་གི་འོས་མི་ཞིག་གིས་སྐབས་བཅུ་བཞི་པའི་བཀའ་ཤག་གི་ལས་དོན་ལ་སྐྱོན་བརྗོད་དང་གཟུགས་མེད་གྲིབ་བཟོ་མང་དག་ཅིག་གནང་བཞིན་ཡོད་པའི་ཁྲོད་ནས་གནད་དོན་གཉིས་ཀྱི་ཐོག་གསལ་བཤད་ཡོ་བསྲང་དགོས་རྒྱུ་གལ་ཆེར་མཐོང་བ་ལྟར་ཞུ་རྒྱུར།

༡༽ དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་བའི་གནད་དོན།

kashak2འདི་ལོའི་ཕྱི་ཟླ་དང་པོའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་གནང་རྒྱུའི་དུས་འཁོར་དབང་ཆེན་ལོ་གཅིག་ཕྱིར་འགྱངས་གནང་དོན་གང་ཡིན་ཐད། བཀའ་ཤག་གིས་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༣༡ ཉིན་སྤེལ་བའི་གསལ་བསྒྲགས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཟླ་ཤས་གོང་དུ་ཨ་རི་མི་ཎི་སོ་ཌ་དང་ཉེ་སྔོན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་བཀའ་སློབ་གསལ་ཕེབས་ཡོད་པ་དེ་དག་དང་ཡེ་ནས་མི་མཐུན་པའི་རྒྱུ་མཚན་གཞན་ཞིག་ཡོད་ཚུལ་བཤད་པ་ནི། བདེན་པ་མིན་པ་ཙམ་དུ་མ་ཟད། མང་ཚོགས་དང་སྒྲིག་འཛུགས་ལ་འགན་འཁུར་མ་གནང་བ་ཞིག་ཀྱང་རེད། གནད་དོན་དེའི་བྱུང་རིམ་དངོས་ནི། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་གོ་བསྡུར་འགྲེལ་བཤད་སླད་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་གཉིས་ཆེད་གཏོང་གནང་སྟེ། དཔལ་ལྡན་སྲིད་སྐྱོང་མཆོག་དང་། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་གཙོ་སྐྱོང་ཆོས་རིག་དང་བདེ་སྲུང་བཀའ་བློན་རྣམ་གཉིས་བཅས་ལྷན་འཛོམས་ཐོག་འགྲེལ་བཤད་གནང་དོན་དུ། ༸གོང་ས་མཆོག་སྨན་བཅོས་འཕྲོད་བཞེས་གནང་དགོས་སྐོར་བཀའ་བསྡུར་རིམ་པར་བྱུང་ཡོད་ཐོག ཕྱི་ལོ་ ༢༠༡༥ ཟླ་ ༧ པའི་ནང་ལྡི་ལིར་ཁྱད་མཁས་སྨན་པས་བརྟག་དཔྱད་ཞུས་སྐབས་ Prostate བསྙུན་གཞི་ངོ་སྤྲོད་བྱུང་སྟེ་སྨན་བཅོས་གནང་གལ་ཆེ་ཚུལ་ཞུས་སྐོར་དང་། ༸གོང་ས་མཆོག་ཉིད་ནས་ཀྱང་གལ་ཆེ་དོན་ཆེར་དགོངས་ཏེ། སྨན་བཅོས་གནང་རྒྱུ་དང་། དུས་འཁོར་དབང་ཆེན་གྱི་མཛད་འཆར་ཐད་ཐུགས་དམ་བརྟག་པ་ཐེངས་བདུན་གནང་བ་དང་། ཐུགས་དམ་བདུན་ཀར་སྨན་བཅོས་གནང་ན་ལེགས་པ་དང་། དུས་འཁོར་དབང་ཆེན་གྱི་མཛད་འཆར་ཕྱིར་འགྱངས་གནང་ན་ལེགས་པ་གསལ་བབས་བྱུང་སྐོར་བཅས་གསུངས་ཐོག དུས་འཁོར་དབང་ཆེན་གྱི་མཛད་འཆར་ནི། མཛད་འཆར་གཞན་དང་མི་འདྲ་བ་འགོ་འཛུགས་ཟིན་རྗེས་གློ་བུར་བར་མཚམས་འཇོག་དགོས་བྱུང་ཚེ་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་མང་པོར་བརྡབ་གསིག་ཆེན་པོ་ཡོང་ངེས་ཡིན་སྐོར་འཕྲོས་མོལ་ཡང་བྱུང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་ནས། ༸རྒྱལ་བའི་སྐུ་ཁམས་འཕྲོད་བཞེས་ལས་གལ་གནད་ཆེ་བའི་དོན་གནས་གཞན་མེད་པ་དང་།

ཁྱད་པར་༸གོང་ས་མཆོག་ཉིད་ནས་ཐུགས་དམ་བརྟག་པ་ལན་མང་མཛད་པའི་གནད་དོན་ཞིག་ཡིན་པར་བརྟེན། བཀའ་ཤག་ནས་༸རྒྱལ་བའི་བཀའ་དགོངས་ཇི་བཞིན་བསྒྲུབ་རྒྱུར་བརྒྱ་ཆ་བརྒྱ་ཐམ་པ་མོས་མཐུན་རྒྱབ་སྐྱོར་ཞུ་རྒྱུ་ཡིན་སྐོར་དང་། དུས་འཁོར་དབང་ཆེན་གྱི་མཛད་འཆར་བར་དཀྱིལ་དུ་གློ་བུར་མཚམས་འཇོག་གནང་དགོས་བྱུང་ཚེ་ཕྱི་ལོ་ ༢༠༠༢ ལོར་སྐུ་ངལ་ཇི་བྱུང་ལྟར་ཡོང་རྒྱུའི་དྲན་བསྐུལ་ཡང་ཞུ་གནང་མཛད་ཡོད། གསལ་བསྒྲགས་ཞུ་ཕྱོགས་ཐད། སྨན་བཅོས་གནང་དགོས་པའི་རྒྱུ་མཚན་ལ་བརྟེན་ནས་དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་དགོས་བྱུང་ལུགས་གསལ་བཀོད་བྱས་ཚེ། གཞིས་བྱེས་མང་ཚོགས་ཁྲོད་དུ་བློ་གཡེང་དང་འུར་འདྲོགས་ཆེན་པོ་ལངས་ཉེན་ཡོད་གཤིས། གསལ་བསྒྲགས་སུ་བཀའ་ཤག་ནས་༸གོང་ས་མཆོག་ལ་མཛད་འཆར་ཉུང་འཕྲི་ཡོང་བ་དང་། སྐུ་ངལ་མང་ཙམ་གསོ་བཞེས་ཡོང་བའི་གསོལ་འདེབས་དང་སྦྲགས། དུས་འཁོར་དབང་ཆེན་གནང་རྒྱུ་ཕྱིར་འགྱངས་ཆོག་པ་ཞུས་པ་ལ་བཀའ་བཞེས་བཟང་པོ་ཐོབ་སྐོར་འགོད་རྒྱུའི་དགོངས་འཆར་བཅས་ཕུལ་བར། ཕྱི་ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་བརྒྱུད་དེ་ལྟར་བྱ་འཐུས་ཀྱི་བཀའ་བཟང་སྤྱི་ཕེབས་བྱུང་རྗེས། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༣༡ ཉིན་བཀའ་ཤག་ནས་ཡོངས་ཁྱབ་གསལ་བསྒྲགས་ཞུས་ཤིང་། གསལ་བསྒྲགས་དེའི་ནང་སྨན་བཅོས་འཕྲོད་བཞེས་སླད་དུས་འཁོར་དབང་ཆེན་ཕར་འགྱངས་གནང་བའི་བརྡ་སྟོན་ཆེད་སྐུ་ངལ་གསོ་བཞེས་མང་ཙམ་དགོས་པ་དང་མཛད་འཆར་ཉུང་འཕྲི་དགོས་པའི་རྒྱུ་མཚན་གཉིས་ནན་བརྗོད་བྱས་ཡོད་ཅིང་། དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་རྒྱའི་ནང་དུའང་དེ་དང་གཅིག་མཚུངས་འགོད་གནང་མཛད་ཡོད། གོང་གསལ་གནས་ཚུལ་བྱུང་རིམ་ཁག་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་བཅས་ལའང་ཇི་བཞིན་འགྲེལ་བརྗོད་གནང་ཡོད།

ཕྱི་ལོ་ ༢༠༡༥ ཟླ་ ༩ པའི་ནང་༸གོང་ས་མཆོག་ཨ་རི་མི་ཎི་སོ་ཌའི་མཱ་ཡཱོ་སྨན་ཁང་དུ་བརྟག་དཔྱད་ཞུས་སྐབས་སུའང་ཁྱད་མཁས་སྨན་པས་སྐུ་ངལ་གསོ་བཞེས་དང་སྨན་བཅོས་གནང་དགོས་པའི་སློབ་སྟོན་ཕུལ་ཡོད་པ་དང་། དེ་ལ་བརྟེན་ནས་ཕྱི་ཟླ་ ༡༠ པའི་ཨ་རིའི་མཛད་འཆར་ཡོངས་རྫོགས་ཕྱི་བཤོལ་མཛད་ཡོད། དེ་སྐབས་༸གོང་ས་མཆོག་ནས་ས་གནས་བོད་མི་ཚོར་བཀའ་སློབ་གནང་སྐབས། སྨན་བཅོས་འཕྲོད་བཞེས་གནང་སླད་སོག་ཡུལ་དང་རྡོ་རྗེ་གདན་དུ་གནང་འཆར་ཡོད་པའི་དུས་འཁོར་དབང་ཆེན་གྱི་མཛད་འཆར་གཉིས་ཕྱི་བཤོལ་གནང་བ་ཡིན་ཞེས་བཀའ་གསལ་པོ་གནང་ཡོད་པ་དང་། དེ་བཞིན་ཉེ་སྔོན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བཀྲ་ཤིས་ལྷུན་པོའི་གདན་སར་ཆོས་ཞུ་བའི་འདུས་ཚོགས་ལ་ཕྱི་ལོ་གསར་ཚེས་ཀྱི་འཚམས་འདྲི་གནང་བ་དང་ཆབས་ཅིག་ཏུ། རྡོ་རྗེ་གདན་དུ་གནང་རྒྱུའི་དུས་འཁོར་དབང་ཆེན་ལོ་གཅིག་ཕྱིར་འགྱངས་གནང་སྐོར་དང་། དུས་སང་ཕྱི་ལོ་ ༢༠༡༧ ལོའི་ཕྱི་ཟླ་ ༡ པོའི་ནང་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀྲིན་ཆེ་རྒྱུ་ཡིན་པའི་གསལ་བསྒྲགས་ཀྱང་མཛད་ཡོད། ཉེ་ཆར་ཕྱི་ལོ་ ༢༠༡༦ ཟླ་ ༡ པོའི་ནང་ཨ་རིར་སྨན་བཅོས་འཕྲོད་བཞེས་སླད་ཕེབས་པའི་དུས་ཚེས་ཁག་སྔ་ལོར་འཆར་འགོད་གནང་བའི་དུས་འཁོར་དབང་ཆེན་གྱི་དུས་ཚེས་དང་བསྒྲིགས་པ་ལྟར་འགྲིགས་ཡོད་པ་ནས་གོང་གསལ་རྒྱུ་མཚན་གསལ་བཤད་མི་དགོས་ལྟ་བུ་གྱུར་ཡོད་པ་ཚང་མས་མཁྱེན་གསལ་ལྟར་ཡིན།

མཐའ་བསྡོམས། ཁྱད་མཁས་སྨན་པས་སློབ་སྟོན་རིམ་འབུལ་ཞུས་པ་དང་། ༸གོང་ས་མཆོག་ཉིད་ནས་ཐུགས་དམ་བརྟག་པ་ལན་མང་མཛད་པ། ༸གོང་ས་མཆོག་སྐུ་ངོ་མ་ནས་མང་ཚོགས་ལ་བཀའ་སློབ་གསལ་རྗེན་སྔ་རྗེས་གཉིས་ཕེབས་ཡོད་པ་བཅས་ལ་གཞི་རྩ་བཟུང་སྟེ། སྨན་བཅོས་འཕྲོད་བཞེས་གནང་བའི་ཆེད་དུ་དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་བ་ཞིག་རེད་ཅེས་ངེས་བཟུང་གིས་ནན་བརྗོད་ཞུ་རྒྱུ་དེ་ཁོ་ན་ལས། བཀའ་ཤག་ལ་དེ་མིན་པའི་རྒྱུ་མཚན་འགྲེལ་བརྗོད་ཞུ་རྒྱུ་གཞན་གང་ཡང་མེད།

གསར་འགོད་གསལ་བསྒྲགས་དེའི་ནང་སྐུ་ཚབ་དོན་གཅོད་ཀྱི་མཚན་གནས་སྐོར་དང་། དེའི་ཐོག་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གིས་གསུང་བཤད་ཅིག་གནང་བའི་སྐོར་འཁོད་དོན། ༢༽སྐུ་ཚབ་དོན་གཅོད་རྣམ་པའི་མཚན་གནས་ཀྱི་གནད་དོན།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་དང་པོའི་དོན་ཚན་དང་པོ། བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས། ཞེས་པའི་འགོ་བརྗོད་འོག་གསལ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་དོན་དང་དངོས་སུ་འབྲེལ་བའི་གལ་ཆེའི་གནད་དོན་ཞིག་རང་རེ་མཆོག་དམན་སུ་ཐད་ནས་མང་ཚོགས་ཀྱི་གླེང་སྟེགས་གང་སར་འབྲེལ་མེད་གླེང་སློང་དང་རྟོག་དཔྱོད་བྱེད་པ་ནི། མ་འོས་པ་དང་བློ་ཕམ་གྱི་གནས་ཤིག་ཡིན། འབྲེལ་ཆགས་སྲིད་སྐྱོང་གི་འོས་མི་དེ་ཉིད་ནས་སྐུ་ཚབ་དོན་གཅོད་རྣམ་པར་༸གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་སྩལ་ཕྱོགས་ཀྱི་གནས་སྟངས་དང་། སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༠༡ ནས་ཕྱེད་བགྲེས་ཡོལ་དང་ཕྱི་ལོ་ ༢༠༡༡ ནས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་རྩིས་སྤྲོད་གནང་བའི་རྗེས་སུ་བོད་མིའི་སྤྱི་ཚོགས་དང་སྒྲིག་འཛུགས་ལ་འགྱུར་འགྲོས་ཇི་བྱུང་གི་གནས་ཚུལ་བརྒྱུད་རིམ་ཆ་ཚང་མཁྱེན་བཞིན་དུ། རང་ཉིད་དང་འབྲེལ་བའི་དགོས་དོན་ཞིག་གི་ཆེད་དུ་གལ་འགངས་ལྷག་པར་ཆེ་བའི་གནད་དོན་ཞིག་དང་འབྲེལ་བའི་གནས་ཚུལ་ཐོག་འགྲེལ་བརྗོད་ལོག་པ་གནང་ཡོད་པ་ནི། མང་ཚོགས་དང་སྒྲིག་འཛུགས་ལ་འགན་འཁུར་མ་གནང་བ་ཞིག་ཡིན་པ་བཅས་ཀྱི་དངོས་དོན་གསལ་བཤད་དུ་བཀའ་ཤག་གིས། ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༥ ལ་ཞེས་འཁོད་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།