ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་བཀའ་བློན་དུ་འོས་འདེམས་བྱུང་འདུག

ཟླ་འདིའི་ཚེས་༡༦ ཉིན་གྱི་སྔ་དྲོ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན། སྲིད་སྐྱོང་གིས་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་བཀའ་བློན་འོས་མིར་བཏོན་ཏེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནང་སྤྱི་མོས་ཀྱིས་བཀའ་བློན་དུ་འདེམས་ཐོན་བྱུང་ཡོད་པ་རེད།

MG_8593-copyསྐུ་ཞབས་དངོས་གྲུབ་ཚེ་རིང་ནི། ༡༩༥༣ ལོར་བོད་ནང་དུ་སྐྱེས་པ་དང།༡༩༧༣ ལོར་རྒྱ་གར་དུ་བཙན་བྱོལ་ལ་སླེབས་རྗེས་སིམ་ལ་གཏན་སློབ་ཏུ་སློབ་སྦྱོང་གནང་། ༡༩༧༧ ལོར་ཅན་དྷི་གྷར་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་གཉེར་མཐར་ཕྱིན། ༡༩༧༦ ནས་ ༡༩༧༩ དུས་ཡུན་རིང་ཅན་དྷི་གྷར་ས་གནས་གཞོན་ལྷན་གྱི་དྲུང་ཆེ་དང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ཡང་གནང༌།

༡༩༧༩ ལོར་སྐབས་བདུན་པའི་བོད་མི་མང་སྤྱི་འཐུས་ཁོངས་སུ་དབུས་གཙང་སྤྱི་འཐུས་སུ་འདེམས་ཐོན་བྱུང་། ༡༩༨༣ ལོོར་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་དུ་ཐད་བསྐོས་གནང༌། ༡༩༨༧ ལོར་ནང་སྲིད་ལས་ཁུངས་ཀྱི་དྲུང་གཞོན་དང་། ༡༩༩༠ ལོ་ནས་བོད་གཞུང་ཟློས་གར་གྱི་འགན་འཛིན་དུ་བསྐོས། ཟློས་གར་འགན་འཛིན་གནང་རིང་ལས་དོན་གྲུབ་འབྲས་གཟེངས་སུ་ཐོན་པར་བརྟེན་སུད་སི་བོད་མིའི་གཟེངས་རྟགས་ཀྱང་ཐོབ། ༡༩༩༥ ལོར་ཤེས་རིག་དྲུང་ཆེའི་ལས་འགན་དང། ༡༩༩༩ ལོར་ནང་སྲིད་དྲུང་ཆེར་གནས་སྤོས་གནང༌། ༢༠༠༠ ལོར་གཞུང་ཞབས་ནས་དགོངས་པ་ཞུས་ཏེ་ཨ་རིར་ནང་མི་ཟླ་སྒྲིལ་ཆེད་དུ་བསྐྱོད།

སྐབས་བཅུ་བཞི་པའི་བཀའ་ཤག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་འདྲི་བྱ་ཡུལ་དང་། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢ ཉིན་ཤེས་རིག་དྲུང་ཆེའི་ལས་འགན་བསྐྱར་བསྐོ་གནང་ཡོད་པ་རེད།

སྐུ་ཞབས་དངོས་གྲུབ་ཚེ་རིང་ལ་བཀའ་བློན་དུ་འོས་འདེབས་བྱུང་བར་དགོངས་ཚུལ་གང་ཡོད་སྐོར་གསར་འགོད་པས་བཅར་འདྲི་བྱས་པར། ཁོང་གིས། “སྲིད་སྐྱོང་གིས་ཐུགས་རེས་གནང་བ་ལྟར་མཉམ་དུ་ལོ་གཉིས་དང་ཕྱེད་རིང་ལས་ཀ་བྱས་པ་རེད། ད་ཐེངས་ཁོང་གིས་བཀའ་བློན་གྱི་འོས་མིར་བསྐོ་བཞག་གནང་སྟེ། གྲོས་ཚོགས་ནང་སྤྱི་མོས་ཀྱིས་བཀའ་བློན་དུ་འདེམས་ཐོན་བྱུང་བར་དགའ་པོ་བྱུང་། དེ་དང་མཉམ་དུ་ལས་འགན་ལྗིད་པོ་ཞིག་སླེབས་སོང་བསམ་པའི་ཚོར་བ་ཆེན་པོ་བྱུང་ལ། ཕལ་ཆེར་ཤེས་རིག་ལས་ཁུངས་གི་འགན་ཁུར་དགོས་པ་ཡོང་གི་རེད། དེར་ཕྲུ་གུ་མང་པོར་ལྟ་དགོས་པ་དང་། མི་རབས་ཀྱི་ཐོག་ནས་བལྟས་ན་མི་རིགས་ཤིག་གི་འགན་ཆེན་པོ་ཡོད་པ་རེད་”འགྲེལ་བརྗོད་གནང་སོང་།

གསར་འགོད་པས། ཁྱེད་ཀྱིས་སྔོན་མ་ཤེས་རིག་དྲུང་ཆེ་གནང་བ་དང་། དེ་ནས་ལོ་མང་རྗེས་ནས་བསྐྱར་དུ་ཤེས་རིག་དྲུང་ཆེ་གནང་བ་རེད། ད་ལྟ་ཤེས་རིག་བཀའ་བློན་དུ་གནང་ན། ལས་དོན་གཙོ་བོ་ག་རེའི་ཐོག་ཤུགས་སྣོན་རྒྱག་རྩིས་ཡོད་ཅེས་དྲིས་པར། ཁོང་གིས། “དེའི་སྐོར་ང་ལ་ལས་སླ་པོ་འདྲ་ཡོད་རེད། དེ་སྔོན་སྲིད་སྐྱོང་གི་འགན་ཁུར་འོག ཤེས་རིག་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་རོབ་ཙམ་གཏན་ཁེལ་བསྡད་ཡོད་པ་རེད། དེའི་ཐོག་ཤར་བསྐྱོད་དང་མཇུག་སྐྱོང་བྱེད་རྒྱུ་དེ་རེད། གཙོ་བོ་སློབ་མའི་ཤེས་ཚད་ཡར་རྒྱས་གཏོང་རྒྱུ་དེ་ཡིན་པས། དེའི་ཐོག་སྐྱོན་ཆ་ག་རེ་འདུག་བལྟས་ཡོང་དུས། གཞི་རིམ་འོག་མའི་སློབ་གྲྭའི་ཐོག་དེ་སྔོན་ཤུགས་སྣོན་དེ་ཙམ་རྒྱག་མ་ཐུབ་པ་ལྟ་བུ་འདུག བོད་པས་གཞི་རིམ་འོག་མ་འཛིན་གྲྭ་དང་པོ་གཉིས་པ་ཟེར་དུས་སྣང་ཆུང་འདྲ་གཏོང་གི་རེད། འཛིན་གྲྭ་དང་པོ་གཉིས་པ་གལ་ཆེ་ཤོས་ཡིན་པས་དེའི་ཐོག་ཤུགས་རྒྱག་རྒྱུའི་འཆར་གཞི་རེད། གཉིས་པ་དེ་དགེ་རྒན་ཡག་པོ་ཡོང་བ་དང་། སློབ་ཁྲིད་ཐབས་ལམ་ཡོང་ཐབས་སུ་ཤུགས་སྣོན་རྒྱག་རྒྱུ་དེ་རེད། ད་ལྟ་མཐུན་རྐྱེན་ཡང་པོ་འདྲ་ཡོད་པས། གཞི་རིམ་མཐར་ཕྱིན་རྗེས། ལམ་ཁ་འགྲོ་ས་ཡག་པོ་དགོས་རེད། ༧གོང་ས་མཆོག་གིས་རིག་གཅིག་རྐང་འཛིན་ཐོག་ཤུགས་རྒྱག་དགོས་པའི་བཀའ་གནང་ཡོད་པ་རེད་ལ། སྲིད་སྐྱོང་གིས་ཁེ་ལས་པ་མང་པོ་གསོ་སྐྱོང་བྱེད་རྒྱུའི་དགོངས་པ་བཞེས་ཡོད་པས། མཐོ་རིམ་སློབ་སྦྱོང་ཐོག་སློབ་ཡོན་ཡག་པོ་ཡོང་ཐབས་སོགས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རེད་”འགྲེལ་བརྗོད་གནང་སོང་།།