རྒྱ་གར་གྱི་མེ་འཁོར་གཉིས་ཁ་བྱོལ་ཏེ་མི་༢༧ རྐྱེན་ལམ་དུ་བཏང་།
རྒྱ་གར་གྱི་མྭ་ཌེ་ཡ་མངའ་སྡེ་ནང་དུ་མེ་འཁོར་གཉིས་ལྕགས་ལམ་ལས་ཁ་བྱོལ་ཏེ་མི་༢༧ འདས་གྲོངས་དང་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༥ ཉིན་གྱི་རྒྱ་གར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཚེས་༤ ཉིན་གྱི་མཚན་མོར་རྒྱ་གར་གྱི་མྭ་ཌེ་ཡ་མངའ་སྡེའི་ནང་ཁ་ཕྱོགས་མི་གཅིག་པར་བསྐྱོད་བཞིན་པའི་མེ་འཁོར་གཉིས་ཆུ་ལོག་གི་རྐྱེན་པས་ཟམ་པའི་ཕྱེད་ཀ་ཆུའི་ནང་ནུབ་ཡོད་པའི་ལྕགས་ཟམ་ཞིག་གི་མཚམས་སུ་གདོང་ཐུག་སྐབས། ཐོག་མར་ཝ་ར་ན་སི་ནས་མུམ་བྷེ་ལ་བསྐྱོད་བཞིན་པའི་མེ་འཁོར་ཁ་བྱོལ་ཡོད་པ་དང་། སྐར་མ་ཁ་ཤས་རྗེས་ཁ་ཕྱོགས་གཞན་ནས་སླེབས་བཞིན་པའི་མེ་འཁོར་དེའང་ཁ་བྱོལ་ཏེ། མེ་འཁོར་གཉིས་ཀྱི་འཁོར་སྒམ་དྲུག་ཆུའི་ནང་ཟགས་ཡོད་པ་རེད།
“གོད་ཆག་དེའི་བྱུང་རྐྱེན་ནི་ཆར་པ་མང་པོ་བཏང་པའི་རྐྱེན་གྱིས་མེ་འཁོར་ལྕགས་ལམ་ཆུའི་འོག་འཐིམས་པ་དང་། ལྕགས་ལམ་ནང་དུ་མར་རྡིབ་འདུག་པས་ཁ་བྱོལ་བ་རེད།”ཅེས་རྒྱ་གར་མེ་འཁོར་ལས་ཁུངས་ཀྱི་སྐུ་ཚབ་མི་སྣས་བརྗོད་འདུག
གོད་ཆག་དེའི་ཁྲོད་ཁྱོན་འགྲུལ་པ་༢༧ གྲོངས་ཡོད་པ་དང་། མི་མང་པོ་ཞིག་ལ་རྨས་སྐྱོན་ཐེབས་ཏེ་སྨན་ཁང་དུ་བསྐྱལ་ཡོད་པ་རེད།
རྒྱ་གར་གྱི་མེ་འཁོར་ལ་བདེ་འཇགས་ཀྱི་ཆ་རྐྱེན་ཞན་པོ་ཡོད་པའི་གནས་སྟངས་འོག མེ་འཁོར་ཁ་བྱོལ་བ་སོགས་རྐྱེན་ངན་མང་པོ་བྱུང་དང་འབྱུང་བཞིན་པ་དེར། མི་མང་པོས་སེམས་འཚབ་དང་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག རྒྱ་གར་དུ་ཉིན་རེར་མེ་འཁོར་ནང་འགྲུལ་བཞུད་བྱེད་མཁན་མི་ཁྱོན་ས་ཡ་༡༣ ཙམ་ཡོད་པ་རེད།།
སྐལ་བཟང་དོན་གྲུབ་ཀྱིས་སྒྱུར་སྒྲིག་བྱས།