ཁོར་ཡུག་སྲུང་སྐྱོབ་པ་རིན་ཆེན་བསམ་གྲུབ་གློད་གྲོལ།
བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༨ ཉིན་རྒྱ་ནག་གཞུང་གིས་འཇུ་བཟུང་བཙོན་འཇུག་བྱས་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་རིན་ཆེན་བསམ་གྲུབ་ལྷ་སའི་བཙོན་ཁང་ཞིག་ནས་གློད་བཏང་ཡོད་འདུག

རིན་ཆེན་བསམ་འགྲུབ་ནི། ཁམས་ཨ་ཆུང་སེང་གེ་གནམ་རྫོང་དང་བླངས་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ཁོར་ཡུག་སྲུང་སྐྱོབ་པ་ཡིན་པ་དང་། རྒྱ་ནག་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གཏོང་མཁན་གྱི་ཉེས་འཛུགས་འོག་ལོ་ལྔའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
དེ་བཞིན་ཁོང་གི་སྤུན་ཆུང་བ་འཇིགས་མེད་རྣམ་རྒྱལ་ལ་ཟླ་བ་ཉི་ཤུ་རྩ་གཅིག་གི་ཁྲིམས་ཐག་བཅད་ནས་དེ་སྔོན་གློད་གྲོལ་བཏང་ཡོད་པ་དང་། ཁོང་གི་སྤུན་འབྲིང་བ་ཀརྨ་བསམ་སྒྲུབ་ལ་ཚབས་ཆེའི་ཇག་བཅོམ་གྱི་ནག་ཉེས་བསགས་ལུགས་ཀྱི་གྱོད་གཞིའི་འོག་ལོ་བཅོ་ལྔའི་བཙོན་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
ཁོང་བུ་སྤུན་གསུམ་གྱིས་ཁམས་ཨ་ཆུང་སེང་གེ་གནམ་རྫོང་དང་བླངས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞེས་པ་བཙུགས་ཤིང་། རྒྱ་ནག་གི་ལས་བྱེད་པ་དག་གིས་ཡུལ་དེའི་རི་སྐྱེས་སྲོག་ཆགས་གསོད་བཞིན་པའི་སྐོར་ཞུ་གཏུགས་བྱས་པར་བརྟེན་འཛིན་བཟུང་བྱས་འདུག རྒྱ་ནག་གཞུང་གིས་ཁོང་གཉིས་ཀྱིས་ཁྲིམས་འགལ་ཐོག་ནས་ཁོར་ཡུག་དང་འབྲེལ་བའི་གནས་ཚུལ་བསྡུ་རུབ་བྱས་ཤིང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་ཀ་བྱས་ཚུལ་གྱི་ཉེས་འཛུགས་བྱས་ཏེ། ༢༠༡༠ ལོར་འཇུ་བཟུང་བཙོན་འཇུག་བྱས་པ་ཞིག་ཡིན་འདུག
ཀརྨ་བསམ་འགྲུབ་ནི་༢༠༡༠ ལོའི་ཕྱི་ཟླ་༡ པོའི་ནང་རྒྱུ་གཞུང་གིས་འཇུ་བཟུང་བྱས་པ་དང་། ཁོང་ནི་བོད་ཀྱི་གནའ་རྫས་བདག་ཉར་བྱེད་མཁན་དང། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ། དུས་རྒྱུན་ཚོང་ལས་གཉེར་མཁན་གྱི་ཚོང་པ་ཆེན་པོ་ཞིག་ཡིན་འདུག ༢༠༡༠ ལོའི་ཕྱི་ཟླ་༦ ཚེས་༢༤ ཉིན་མི་ལོ་༡༥ བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ཆབ་སྲིད་ཁེ་དབང་ལོ་ ༥ ཕྲོགས་པ་དང། རྒྱ་སྒོར་ ༡༠༠༠༠ ཉེས་ཆད་བཏང་ཡོད་འདུག
གནས་ཚུལ་སྔོན་མ། https://bangchen.tibetexpress.net/2010/06/2010-06-25-06-18-50/